ཡར་ཀླུང་ཞིང་ས་གཤིན་པོ་རུ། ཐོན་ལས་མེ་ཏོག་རབ་ཏུ་བཞད།
ལྷོ་ཁ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་རགས་ཙམ་བཀོད་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ་གནས་པའི་རླུང་གློག་ར་བ་ཡིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་དུ་གནས་པའི་ཚེ་སྤོང་འོད་གསོག་གློག་ཁང་ཡིན་པ།
ལྷོ་ཁ་གྲོང་ཁྱེར་ནི་བོད་ཀྱི་ལྷོ་རྒྱུད་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་ཤིང་། ཆུ་ནུས་དང་། ཉི་ནུས། རླུང་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པར་སྐུལ་འདེད་གཏོང་བ་དེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་སྐྱོང་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་ལ་སྐུལ་འདེད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་རམ་འདེགས་ནུས་ལྡན་བྱས་ཤིང་།
2024ལོའི་ཟླ་10པར། རང་རྒྱལ་གྱི“ལག་ལེན་ཨང་བཅུ་དགུ་པའི”སྲུང་སྐར་ནང་དངོས་རྫས་བླུགས་ནས་རྩིས་སྤྲོད་བྱེད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་རྩིས་སྤྲོད་བྱས་པའི་དངོས་རྫས་ནང་འབྲུ་རིགས་གཙོ་བོའི་ལོ་ཏོག་དང་། དཔལ་འབྱོར་ལོ་ཏོག སྐྱེ་དངོས་ཕྲ་རབ་འཇིག་རྟེན་འཕུར་སྐྱོད་བྱེད་རིང་འདེབས་གསོ་བྱས་པའི་ལྗིད་ཁོག་སོགས་རིགས་ཆེ་གྲས་ཉི་ཤུ་ཡོད་པ་རེད། ཨན་ཧུའེ་བོད་སྐྱོར་གྱིས་ཞིབ་ཚགས་ངང་བདམས་པའི་རང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་གྱི་དངོས་རིགས་16ཁྲོད་ནས་དང་པད་ཁའི་སོན་ཡང་ཚུད་ཡོད་པ་རེད།
ལྗོངས་ཡོངས་ནས་དང་ཐོག་ནས་དང་པད་ཁ་སོགས་ས་མཐོའི་ཞིང་ལས་ལོ་ཏོག་རིགས་བར་སྣང་དུ་བསྐྱལ་ནས་འདེབས་གསོ་བྱས་པ་དེ་ནི། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“རྨང་གཞི་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས། ཁུལ་གསར་གྱིས་སྣེ་ཁྲིད”བཅས་ཀྱི་དཔལ་འབྱོར་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་བསྡུས་རིས་ཤིག་རེད།
རྒྱལ་ཁབ་ཀྱི་བཀོད་སྒྲིག་གཞིར་བཟུང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་བཅས་ཀྱི་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་པའི་རྨང་གཞིའི་ཐོག ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་སྟེ། 《ལྷོ་ཁ་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེ་བཅོས་སྐྱོང་གི་བྱ་སྤྱོད་འཆར་གཞི(2021ལོ་ནས་2025ལོའི་བར)》དང《ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་བྱ་ཐབས》 《གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་གྱི་གཙོ་གནད》སོགས་སྲིད་ཇུས་དང་བྱ་ཐབས་ཁག་12བསྟུད་མར་གཏན་འབེབས་ལག་བསྟར་བྱས་ཏེ། གད་སྙིགས་རིགས་དབྱེའི་ཆེད་དོན་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ་རེད།
མིག་སྔའི་བར། གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོར་བསྡོམས་རྐང་སྣོན་རྣམ་པའི་རིགས་དབྱེ་གཉིས་ཀྱི་གད་སྙིགས་བླུག་སྣོད་200དང་། རིགས་དབྱེ་བཞིའི་གད་སྙིགས་བསྡུ་རུབ་ཁང་ཆུང་268 གད་སྙིགས་རིགས་དབྱེའི་བསྡུ་རུབ་ཁང་6 གད་སྙིགས་རིགས་དབྱེའི་སྐར་གསོག་བརྗེ་ལེན་ཁང་4 རིགས་དབྱེ་གཉིས་ཀྱི་གད་སྙིགས་བླུག་སྣོད་1260བཅས་བཀོད་སྒྲིག་བྱས་ཡོད་པ་དང་། སྤྱི་པའི་སྒྲིག་གཞི་ཁག་གིས་རང་འགུལ་ངང་རིགས་དབྱེ་གཉིས་ཀྱི་གད་སྙིགས་བླུག་སྣོད་2134བཀོད་སྒྲིག་བྱས་ཡོད་པ་རེད། གད་སྙིགས་རིགས་ཕྱེ་ནས་བླུགས་སྟངས་སྤྱི་པའི་སྒྲིག་གཞིར་ཁྱབ་ཚད་100%ཟིན་པ་དང་། གྲོང་མིའི་ཁུལ་ཆུང་དུ་ཁྱབ་ཚད་80.5%ཟིན་པ། ཚོང་གཉེར་ཁུལ་དུ་ཁྱབ་ཚད་98%ཟིན་པ། སྤྱི་པའི་འདུ་གནས་སུ་ཁྱབ་ཚད་100%ཟིན་ཡོད་པ་རེད།
སྐྱེ་ཁམས་བཟང་པོ་དང་། རྒྱལ་ཁབ་ཀྱི་མ་འཇོག རྒྱལ་ཡོངས་ཀྱི་རོགས་སྐྱོར། ཚན་རྩལ་གྱི་འདེགས་སྐྱོར་བཅས་ཀྱིས་ལྗང་མདོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།
མི་རིང་བའི་གོང་། འཛམ་གླིང་ཡོངས་ནས་ས་བབ་མཐོ་ཤོས་ཀྱི་འོད་ཤུགས་རྣམ་གྲངས་ཡིན་པའི་ཧྭ་གློག་བོད་ལྗོངས་ཚེ་སྤོང་འོད་གསོག་གློག་ཁང་དུས་ཐེངས་གཉིས་པ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་སྤྱོད་འགོ་ཚུགས་ནས་དངོས་སུ་གློག་གཏོང་འགོ་ཚུགས་པ་རེད།
ཚེ་སྤོང་འོད་གསོག་གློག་ཁང་དུས་ཐེངས་དང་པོས་2023ལོའི་ལོ་མཇུག་ནས་གློག་གཏོང་འགོ་ཚུགས་པ་དང་། ད་བར་རིམ་རྩིས་བརྒྱབ་ན། གློག་ཆུ་ཚོད་ཆན་ཝ་ཁྲི་6000ལྷག་ཙམ་བཏང་ཡོད་པ་རེད། དུས་ཐེངས་གཉིས་པའི་རྣམ་གྲངས་སྤྱོད་འགོ་ཚུགས་རྗེས། སྔོན་དཔག་ལྟར་ན། ལོའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.55ཟིན་རྒྱུ་དང། ལོ་རེར་བཏང་བའི་ལྗང་མདོག་གློག་ནུས་ཀྱིས་ཚད་ལྡན་རྡོ་སོལ་ཏུན་ཁྲི་4.67གྲོན་ཆུང་ཐུབ་པ་དེ་ནི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་10.18ཉུང་དུ་ཕྱིན་པ་དང་གཅིག་མཚུངས་ཡིན་པ་རེད།
ན་ནིང་། ལྷོ་ཁ་གྲོང་ཁྱེར་གྱི་བསྐྲུན་ཟིན་པ་དང་སྐྲུན་མུས་ཀྱི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་548ཟིན་པ་དང། བསྐྲུན་ཟིན་པའི་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་248.9ཟིན་གྱི་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱི་གློག་གཏོང་ཚད་རིམ་རྩིས་བརྒྱབ་ན་ཏུའུ་དུང་ཕྱུར་231ཡིན་པ་དང་། ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་73ཙམ་ཟིན་ཡོད།
ན་ནིང་ཟླ་དང་པོ་ནས་བཅུ་པའི་བར། ལྷོ་ཁ་གྲོང་ཁྱེར་གྱི་ལྗང་མདོག་དཔལ་འབྱོར་འཕར་བརྟན་པའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད།
རྒྱལ་སྤྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་682.75ལ་སྣེ་ལེན་ཞུས་པར། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་24.9བྱུང་ནས་19.4%དང་12.4%སོ་སོར་འཕར་ཡོད། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་8.2ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་23%མཐོ་རུ་ཕྱིན་ཡོད།