དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • བོད་དུ་གཞོན་ནུ་ལོ་ཆུང་གི་རྟ་རྒྱུག་འགྲན་བསྡུར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-08

    ཉེ་ཆར། བོད་རང་སྐྱོང་ལྗོངས་རྟ་རྒྱུག་ཐང་ཆེན(ལྷ་ས་གྲོང་ཁྱེར་བྱང་འདབས་ཀྱི་རྟ་རྒྱུག་ཐང་ཆེན)དུ་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་སྲོལ་རྒྱུན་རྟ་རྩལ་འགྲན་བསྡུར་གཉེར་བ་རེད། ཐེངས་འདིའི་འགྲན་བསྡུར་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ཚོགས་པས་གཙོ་གཉེར་བྱས་ཤིང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། འགྲན་བསྡུར་ལ་ལྗོངས་ཡོངས་ཀྱི་རྟ་པ་གཞོན་ནུ་ལོ་ཆུང་30ལྷག་ཙམ་དང་རྟ་ཕོ་40ལྷག་ཙམ་ཞུགས་ནས་མི་རིགས་རྟ་རྒྱུག་དང་སྲོལ་རྒྱུན་རྟ་རྩལ་གྱི་རྣམ་གྲངས་ཆེ་གྲས་གཉིས་དང་ཆུང་གྲས་ལྔའི་གཟི་བརྗིད་མཚན་སྙན་རྩོད་པ་དང་། འགྲན་བསྡུར་རྣམ་གྲངས་ནང་སྨི་3000དང་། སྨི་5000 སྨི་8000བཅས་ཀྱི་མྱུར་ཚད་འགྲན་རྒྱུག་དང་དེ་བཞིན་རྟ་ཐོག་ནས་ཁ་བཏགས་སྒྲུག་པ་དང་རྟ་ཐོག་ནས་མདའ་འཕེན་པ་སོགས་ངོ་མཚར་ཆེ་བའི་སྲོལ་རྒྱུན་གྱི་རྟ་རྩལ་རྣམ་གྲངས་ཚུད་ཡོད་པ་རེད།

    ཤུ་སྒྲ་དང་བསྟུན་ནས་སྨི་3000གི་མྱུར་ཚད་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། འགྲན་ཞུགས་རྟ་ཕོ་དག་མདའ་མོ་ལྟོང་ནས་ཤོར་བ་ལྟར་བང་རྩལ་ངོམ་པ་དང་རྟ་པ་ཚོས་བདེ་ལྕག་འཁྱུག་པོས་ལག་པ་གཅིག་གིས་སྲབ་མདའ་དམ་པོར་བཟུང་ཞིང་ལག་པ་གཅིག་ཤོས་དེས་རྟ་ལྕག་དགུང་ནས་འཕྱར་ཏེ་ཁྱད་དུ་འཕགས་པའི་རྟ་རྩལ་ངོམ། མཇུག་མཐར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ལོ་13ལ་སླེབས་པའི་རྟ་པ་སྤེན་པ་ཚེ་རིང་གིས་མི་རིགས་སྲོལ་རྒྱུན་རྟ་རྩལ་རྣམ་གྲངས་ཀྱི་སྨི་3000གི་མྱུར་ཚད་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།

    སྤེན་པ་ཚེ་རིང་གིས་གསར་འགོད་པར“ང་རང་ཆུང་དུས་ནས་རྟར་བཞོན་མྱོང་ཡོད། རྟ་རྒྱུག་ནི་ངའི་དགའ་ཕྱོགས་ཙམ་མ་ཟད་ད་དུང་ངའི་ཁྱིམ་གྱི་སྲོལ་རྒྱུན་ཞིག་ཀྱང་ཡིན”ཞེས་བཤད། སྤེན་པ་ཚེ་རིང་ནི་ཆུ་ཤུར་རྫོང་དུ་ཅུང་སྐད་གྲགས་ཆོད་པའི་རྟ་རྩལ་པ་ཞིག་ཡིན་པ་དང་། ཁོང་ལོ་ལྟར་དམངས་ཁྲོད་ཀྱི་རྟ་རྒྱུག་འགྲན་བསྡུར་མང་པོར་ཞུགས་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་རེད།

    རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཀྲུའུ་ཨན་ལེས་ཤིས་ཚིག་སྒྲོན་སྐབས། རྟ་རྩལ་ནི་རྩལ་འགྲན་ལུས་རྩལ་ཞིག་ཡིན་པ་མ་ཟད་རིག་གནས་རྒྱུན་འཛིན་དང་བསམ་པའི་མཚོན་རྟགས་ཤིག་ཀྱང་ཡིན། གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་རེ་བ་ཡིན་ལ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་པ་དང་དར་སྤེལ་གཏོང་མཁན་ཡང་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།