བརྩེ་འདུན་སྤོས་ཀྱི་དྲི་ཞིམ་གང་སར་འཐུལ། ལས་མིའི་ཕྱུག་འགྱུར་ལམ་བུ་ཡངས་སུ་སོང་།
སྤོས་བཟོའི་རྒྱུན་འཛིན་པ་ཤེས་རབ་ཀྱི་ལས་གཏོད་སྐོར་བཀོད་པ།
འདི་ནི་བརྩེ་འདུན་སྤོས་ཀྱི་རྒྱུན་འཛིན་པ་ཤེས་རབ་ཡིན་པ།
འདི་ནི་ཤེས་རབ་ཀྱིས་སྤོས་ཀྱི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་སློབ་མ་ཚོར་སྤོས་བཟོ་སྟངས་སློབ་བཞིན་པ།
འདི་ནི་ལས་མིས་སྤོས་བཟོ་བཞིན་པ།
སོ་མང་གཙང་པོའི་རླབས་སྒྲ་དང་འགྲོགས་ནས་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་ནས་ལྷོ་ནུབ་ཕྱོགས་སུ་སྐྱོད་སྐབས་གཞུང་ལམ་གཡས་གཡོན་གྱི་རི་བོར་གསོམ་ཤིང་དང་། ཤུག་པ། རྒྱ་ལྕང་སོགས་ལྗང་ནེམ་མེའི་སྐྱེ་དངོས་སྣ་མང་གིས་བཏུམས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་མིག་ལམ་དུ་འཆར་འོང་།
སྙོམས་ཤིང་བདེ་བའི་གཞུང་ལམ་བརྒྱུད་ནས་སྐར་མ་སུམ་ཅུ་ལྷག་ཙམ་བསྐྱོད་རྗེས་རྔ་བ་ཁུལ་བརྩེ་འདུན་མི་རིགས་སྲོལ་རྒྱུན་རིག་གནས་ཚད་ཡོད་ཀུང་སིར་སླེབས་པ་དང་། ཀུང་སིའི་སྒོ་རའི་མཐའ་འཁོར་དུ་དངུལ་གྱི་རྒྱན་ཆ་དང་སྤོས་སོགས་ཀྱི་ཐོན་རྫས་སྒྲིག་གཤོམ་སྟེང་བཤམས་འདུག
“ཀུང་སི་དེ་ནི་2017ལོའི་ཟླ་7པར་བཙུགས་པ་དང་། ཐོན་སྐྱེད་གཙོ་བོ་སྤོས་ཡིན”ཞེས་རྔ་བ་ཁུལ་བརྩེ་འདུན་མི་རིགས་སྲོལ་རྒྱུན་རིག་གནས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཤེས་རབ་ཀྱིས་ངོ་སྤྲོད་བྱེད་ཞོར་ང་ཚོ་ཐོག་སོ་གསུམ་ལྡན་གྱི་ཚོམས་ཆེན་དུ་ཁྲིད། ཚོམས་ཆེན་དུ་འཛུལ་མ་ཐག་སྤོས་དྲི་ཞིམ་པོ་ཞིག་སྣ་བར་འཐུལ་དུས། རེ་ཞིག་ལུས་ཁམས་བདེ་ཤིག་ཤིག་ཏུ་འགྱུར་བའི་སྣང་བ་ཞིག་ཤར་བྱུང་།
ཤེས་རབ་ནི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་ཞིང་པ་ལས་མི་ཞིག་རེད། 2011ལོའི་གོང་ལ་ཁོང་གིས་རྒྱལ་ནང་གི་གྲོང་ཁྱེར་འགའ་ཞིག་ཏུ་ཞབས་ཞུ་བ་དང་བདེ་སྲུང་བ་སོགས་ཀྱི་ལས་ཀ་བྱེད་མྱོང་བ་མ་ཟད། ཚོང་ཙག་ཙིག་ཀྱང་རྒྱག་མྱོང་ཡོད་པ་རེད། “ཕྱིར་གླ་པ་རྒྱུག་རིང་རང་ཁ་རང་གསོ་ཐུབ་ཀྱང་། དངུལ་མང་པོ་གསོག་ཐུབ་ཀྱི་མི་འདུག”ཅེས་ཁོང་གིས་སྔར་ཕྱིར་གླ་པ་རྒྱུག་པའི་སྐོར་དྲན་གསོ་བྱེད་བཞིན་བཤད་བྱུང་།
ཤེས་རབ་ཆུང་དུས་ནས་སྤོས་བཟོ་སྟངས་ཀྱི་གཞུང་ལུགས་སྦྱངས་མྱོང་བ་མ་ཟད། ལག་ལེན་ཡང་བསྟར་མྱོང་ཡོད་པར་བརྟེན། ཆུང་དུས་ནས་སྤོས་བཟོ་རྩལ་རྒྱུན་འཛིན་དང་ཞིབ་འཇུག་བྱ་རྒྱུའི་ཕུགས་འདུན་འཆང་བཞིན་ཡོད། ཕྱིར་གླ་པ་རྒྱུག་རིང་། ཆུང་དུས་ཀྱི་ཕུགས་འདུན་དེ་མངོན་འགྱུར་བྱེད་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས།
ཉེ་བའི་ལོ་ཤས་རིང་། སྤོས་ཀྱི་ཐུན་མིན་ཁྱད་ཆོས་དང་ཕན་ནུས་ལ་དགའ་པོ་བྱེད་མཁན་འཛད་སྤྱོད་པ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། རྔ་པ་ཁུལ་དུ་སྤོས་ཀྱི་སྨན་རྒྱུ་ཡང་ཕུན་སུམ་ཚོགས་པོ་ཡོད། “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག 2011ལོར་ཞིང་པ་ལས་མི་མང་པོ་ཞིག་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་མང་པོ་བྱུང་ཡོད། ང་ཡང་ཕ་ཡུལ་འབར་ཁམས་སུ་ལོག་ནས་བརྩེ་འདུན་སྤོས་ཀྱི་སྤུས་རྟགས་བཏོད་པ་ཡིན”ཞེས་ཤེས་རབ་ཀྱི་ངོ་གདོང་ནས་སྤོབས་པས་ཁེངས་བཞིན་བཤད་བྱུང་།
སྤོས་བཟོ་རྩལ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གལ་ཆེན་ཞིག་ཡིན་སྟབས། 2011ལོ་ནས་2017ལོའི་ཟླ་6པའི་བར་ཁོང་གིས་སྤོས་བཟོ་རྩལ་ལ་ཞིབ་འཇུག་ནན་ཏན་བྱས་ནས་བོད་ཀྱི་ཚད་ལྡན་གསོ་རིག་གཞུང་ལུགས《དཔལ་ལྡན་རྒྱུད་བཞི》དང《སྤོས་སྦྱོར་བརྒྱ་རྩ》སོགས་ལ་ཁུངས་གཏུགས་པ་དང་། ལོ་ངོ་སྟོང་ཕྲག་ལྷག་གི་མཐོང་བ་བརྒྱུད་པའི་ལག་ལེན་དང་ཉམས་མྱོང་ལ་གཞི་བཅོལ་བ། དེང་རབས་ཀྱི་སྤོས་སྡེབ་སྦྱོར་ལག་རྩལ་དང་ཟུང་འབྲེལ་བཅས་བྱས་ནས་སྤོས་ཀྱི་ཐོན་རྫས་ཞིག་གསར་བཏོད་བྱས་ཤིང་། “བརྩེ་འདུན་སྤོས་ཙན་དན་དཀར་དམར་དང་། ཁ་ཆེ་གུར་ཀུམ། ཨ་ཀར། དབང་ལག ན་གི་སོགས་སྨན་སྣ་རྩ་ཆེན་སུམ་ཅུ་ལྷག་ཙམ་སྡེབ་སྦྱོར་བྱས་ཡོད”ཅེས་ཐོག་སོ་གཉིས་པར་སྤོས་ཀྱི་སྨན་རྒྱུ་བཤམས་པའི་སྒྲིག་གཤོམ་མདུན་ནས་ཤེས་རབ་ཀྱིས་ང་ཚོར་སྨན་རྒྱུ་རེ་རེ་བཞིན་ངོ་སྤྲོད་བྱས་བྱུང་།
2017ལོར་བརྩེ་འདུན་སྤོས་དངོས་སུ་ཁྲོམ་རར་བཏོན་ཞིང་། ཀན་སུའུ་དང་། མཚོ་སྔོན། བོད་ལྗོངས་སོགས་ནས་མངགས་ཉོ་བྱེད་མཁན་མང་པོ་བྱུང་བ་མ་ཟད། ད་ཆ་ཁྱུག་དབྱིངས་དང་། སྐད་འཕྲིན། ཕན་ཏོག་ཏོག ཐའོ་པའོ་དྲ་བ་སོགས་ནས་ཕྱིར་ཚོང་བྱེད་ཀྱི་ཡོད།
ད་ཕན་ལོ་ཤས་རིང་། ཤེས་རབ་ཀྱིས་བརྩེ་འདུན་སྤོས་ཁྱེར་ནས་འཛམ་གླིང་དངོས་མང་འགྲེམས་ཚོགས་དང་། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སོགས་འོས་སྦྱོར་འགྲེམས་ཚོགས་ཆེ་གྲས་ལ་ཐེངས་50ལྷག་ཙམ་ཞུགས་ཡོད། 2023ལོར་ཁེ་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་1000ལྷག་ཙམ་ཟིན་ཡོད།
བརྩེ་འདུན་སྤོས་ལ་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པའི་གདེང་འཇོག་གང་ལེགས་ཐོབ་ནས། 2018ལོར་སི་ཁྲོན་ཞིང་ཆེན་ཡུལ་སྐོར་རིག་གནས་ཐོན་རྫས་དང་ཀྲུང་གོའི་ཁྱད་ལྡན་ཡུལ་སྐོར་ཟོག་ཚོང་རྩེ་གྲ་བཅུའི་བྱ་དགའ་དང་། 2022ལོར“མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་བཟོ་ཁང”དུ་བདམས་པ། 2023ལོར་རྒྱལ་ཡོངས་མཐོ་སློབ་ཚང་ལས་རྩེར་སོན་འགྲན་བསྡུར“ཀྲུང་གོ་ཁོའོ་ཤིན་བུམ་པའི”སྤུས་རྟགས་རྒྱལ་ཡོངས་ཀྱི་མཐར་བསྡུར་ཁྲོད་ཕུལ་བྱུང་ཁེ་ལས་ཀྱི་བྱ་དགའ་ལ་སོགས་གཟེངས་བསྟོད་རབ་དང་རིམ་པ་ཐོབ་ཡོད།
ཤེས་རབ་ཀྱི་སྣེ་ཁྲིད་འོག་ང་ཚོ་གྱང་ངོས་སུ་བྱ་དགའི་གཟེངས་རྟགས་ཀྱིས་ཁེངས་པའི་རྡོ་སྐས་ནས་ག་ལེར་བབས་ཏེ་ཐོག་སོ་དང་པོའི་སྤོས་བཟོ་ཁང་དུ་བསྐྱོད་པ་ཡིན།
“ངས་བརྩེ་འདུན་སྤོས་ཀུང་སིར་ལས་ཀ་བྱས་ནས་ལོ་གསུམ་སོང་། ལས་ཀ་གཙོ་བོ་སྤོས་ཐུམ་སྒྲིལ་བྱེད་ཀྱི་ཡོད། ཟླ་རེར་ཡོང་འབབ་སྒོར་3000ནས་4000བར་རག་གི་འདུག ཐག་རིང་ལ་གླ་པ་རྒྱུག་མི་དགོས་པར་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་བྱུང”ཞེས་ཐུམ་སྒྲིལ་བ་བསོད་ནམས་མཚོ་མོས་དགའ་ཚོར་ཆེན་པོས་བརྗོད་བྱུང་། ཀུང་སིའི་ལས་མི་བསྡུ་སྐབས་ཤེས་རབ་ཀྱིས་གཙོ་བོ་ལོ་ན་ཅུང་མཐོ་བ་དང་། དབང་སྐྱོན། ཁྱིམ་ཚང་དབུལ་པོ་བཅས་ལ་ཕྱོགས་ནས་བསྡུ་བཞིན་ཡོད། “སྨན་སྣ་འཐུ་བདེ་བས་ང་ཚོས་རྒན་རྒོན་དང་། དབང་སྐྱོན། ཁྱིམ་ཚང་དབུལ་པོ་ལ་ཕྱོགས་ཏེ་ལས་མི་བསྡུས་ནས་ཁོང་ཚོས་རང་གི་ལག་གཉིས་ལ་བརྟེན་ནས་ཡོང་འབབ་གསོག་གང་ཐུབ་བྱེད་ཀྱི་ཡོད། ཁོང་ཚོས་ལོ་རེར་ཡོང་འབབ་སྒོར་ཁྲི་2གསོག་ཐུབ་ཀྱི་ཡོད”ཅེས་ཤེས་རབ་ཀྱིས་བཤད་བྱུང་།
མིག་སྔར་ཀུང་སིར་བྲིན་ཚོང་དང་ཐོན་སྐྱེད་སྒྲུབ་རིམ་སོགས་ལ་གཏན་འཇགས་ཀྱི་ལས་མི་44ཡོད་པ་དང་། དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་22དང་། དབང་སྐྱོན་3 སློབ་ཆེན་སློབ་མ་5བཅས་ཚུད་ཡོད། ཁོང་ཚོའི་གཏན་འཇགས་ཀྱི་ལོའི་ཡོང་འབབ་ཆ་སྙོམས་སྒོར་ཁྲི་4ཡན་ཟིན་གྱི་ཡོད།
ཤེས་རབ་ཀྱིས་ད་དུང་དུས་ངེས་མེད་ངང་ཞལ་འདེབས་བྱེད་སྒོ་སྣ་ཚོགས་སྤེལ་ནས་འབྲས་དང་། གྲོ་ཕྱེ། གྱོན་གོས་སོགས་འཚོ་བའི་མཁོ་ཆས་དུད་ཚང་དབུལ་པོར་ཞལ་འདེབས་རྒྱག་གི་ཡོད།
“ང་ཡང་ཁྱིམ་ཚང་དབུལ་པོ་ནས་འཚར་ལོངས་བྱུང་བ་ཡིན། ངས་འཚོ་བ་དབུལ་པོར་རྒྱུས་མངའ་ཆེན་པོ་ཡོད། དེར་བརྟེན་ཁྱིམ་ཚང་དབུལ་པོ་དང་མི་དབུལ་པོ་མང་པོར་རོགས་པ་བྱེད་འདོད་འདུག”ཅེས་ཤེས་རབ་ཀྱིས་བཤད་བྱུང་།
བརྩེ་འདུན་ནི་ཚོང་ལས་ཀྱི་སྤུས་རྟགས་ཤིག་ཡིན། སྤོས་ནི་མངོན་མིན་རིག་གནས་ཤུལ་བཞག་ཅིག་རེད། ཚོང་ལས་ལ་གྲུབ་འབྲས་ཐོབ་རྗེས་ཤེས་རབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་འགན་འཁྲི་མ་བརྗེད་པར་མིག་རྒྱང་རིང་དུ་བཏང་སྟེ་སྤོས་བཟོ་རྩལ་གྱི་མི་རབས་རྗེས་མ་འཚོལ་ཆེད། འབར་ཁམས་གྲོང་ཁྱེར་སློབ་ཆུང་གསུམ་པའི་ལོ་རིམ་དྲུག་པའི་སློབ་མར་སྤོས་བཟོ་རྩལ་བསླབས་ཏེ་ལོ་ཆུང་གཞོན་ནུ་དེ་བས་མང་བ་སྤོས་ཀྱི་རིག་གནས་རྒྱུན་འཛིན་པར་སྐྱེད་སྲིང་བྱེད་བཞིན་ཡོད།
མཇུག་ཏུ་ཤེས་རབ་ཀྱིས་མིག་སྔར་ང་ཚོས་བརྩེ་འདུན་སྤོས་ཐོན་སྐྱེད་རང་བཞིན་སྲུང་སྐྱོང་རྒྱུན་འཛིན་དང་སི་ཁྲོན་ཞིང་ཆེན་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་རྟེན་གཞི་བཙུགས་ནས་དུས་བཀག་ལྟར་བརྩེ་འདུན་སྤོས་ཀྱི་སྨན་རྒྱུར་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡོད་ལ། བརྩེ་འདུན་སྤོས་སྲོལ་རྒྱུན་བཟོ་རྩལ་གྱི་རྒྱུན་འཛིན་པ་གསོ་སྦྱོང་བྱེད་བཞིན་ཡོད་ཅེས་བཤད་བྱུང་།