དབུ་ཤོག>པར་མཛོད།
  • བོད་ལྗོངས་ལྷོ་ཁའི་གྲམ་མདའ་གྲོང་ཚོའི་གྲོང་མི་རྣམས་རི་སྟེང་ནས་ལམ་འགྲམ་དུ་སྤོས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝེ་ཀོན་ཡུས་དང་། ཧོའུ་ཧྲའོ་ཅིང་། ཝང་ཧུང་ལིའུ།   |     སྤེལ་དུས།  2024-09-30

    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོ་གནས་སྤོ་བྱས་རྗེས་ཀྱི་ཨར་འདམ་ལྕགས་རྩིབས་མའི་གྲོང་མིའི་ཁང་པ་གསར་པ་ཡིན་པ།

    འདི་ནི་གནས་སྤོ་མ་བྱས་གོང་གི་འོ་ལུང་གྲོང་ཚོའི་རྣམ་པ་ཡིན་པ།

    ཟླ་9པར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་ཆ་ཚང་སློབ་ཆུང་གི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་གཅིག་སྡུད་སྦྱོང་བརྡར་བྱེད་འགོ་ཚུགས། ལོ་བཅུ་ལ་སླེབས་པའི་ལྷུན་གྲུབ་རྒྱལ་མཚན་ནི་མདུན་རུ་བ་ཞིག་ཡིན།

    ཁོང་གིས“སློབ་གྲྭའི་སྤོ་ལོའི་ཐང་དུ་འབོལ་ཞིང་སྔོ་བའི་སྤང་རྫུན་མ་བཏིང་ཡོད་པས་རྡོ་ཧྲུག་མེད་ལ་རྨས་སྐྱོན་ཡང་ཕོག་མི་སྲིད”ཅེས་བཤད།

    ལྷུན་གྲུབ་རྒྱལ་མཚན་གྱི་དྲན་པའི་མེ་ལོང་ངོས་སུ་གསལ་ལེར་འཆར་བ་ལྟར་ན། སྔོན་མའི་ཁྱིམ་ས་བབ་མཐོ་ཚད་སྨི་4100ཙམ་ཡོད་པའི་གྲ་ནང་རྫོང་དཀྱིལ་རུ་ཤང་འོ་ལུང་གྲོང་ཚོར་ཡོད་ཅིང་། དེ་གར་དགུན་ཁ་བྱེ་རླུང་ཡང་ཡང་ལྡང་བ་དང་། ལྷགས་པ་རྒྱག་སྐབས་རྡོ་ཁང་གྲུ་བཞིའི་སྲུབས་ཁ་ནས་ཐལ་རྡུལ་ཁང་པའི་ནང་འཛུལ་ནས་ཉལ་ཁྲིའི་མལ་གདན་སྟེང་དུ་བྱེ་མ་མང་པོ་སླེབས་ཀྱི་ཡོད།

    རི་སྟེང་གི་འཚོ་བ་སྟབས་བདེ་གཏན་ནས་མེད། “མི་རྒན་པ་དོན་དག་སྒྲུབ་པ་དང་ཕྲུ་གུ་སློབ་གྲྭར་འགྲིམ་པར་རི་གཤམ་དུ་འགྲོ་དགོས་ཀྱི་ཡོད། དེ་སྔ་གསེག་མའི་ལམ་ཐེབས་ཆག་ཅིག་ཡོད་ནའང་། ཆར་དུས་སུ་འདམ་རྡོའི་ཆུ་རུད་ཐོན་ནས་ལམ་ཆུས་འཁྱེར་གྱི་ཡོད”ཅེས་གྲོང་མི་རྡོ་རྗེས་བཤད་ཅིང་། ཁོང་གིས་ལོ་ལྟར་སྟོན་བསྡུ་བྱས་རྗེས་གྲོང་མི་ཚོ་འཕྲུལ་འཁོར་བཏང་ནས་ལམ་བཟོ་བར་འགྲོ་དགོས་ཀྱི་ཡོད་ཅེས་བཤད།

    “སྤྱང་ཀིས་ངའི་ནང་གི་ལུག་གསོད་མྱོང་ཡོད། ང་ལུག་འཚོ་སྐབས་རྒྱང་རིང་ནས་སྤྱང་ཀི་མཐོང་མྱོང་ཡོད། དེ་དུས་ངས་རྡོ་གཞུས་ནས་ཕུད་ཐབས་བྱས་པ་ཡིན”ཞེས་ལྷུན་གྲུབ་རྒྱལ་མཚན་གྱིས་བཤད།

    2018ལོའི་སྐྱེས་སྐར་ཉིན་མོར་པ་ཕ་ཐུབ་བསྟན་དབང་གྲགས་ཀྱིས་རྫོང་ནས་ལྷུན་གྲུབ་རྒྱལ་མཚན་ལ་རྐང་རྩེད་སྤོ་ལོ་ཞིག་ཉོས་པ་དང་། མི་རྒན་ཚོས་རི་སྟེང་དུ་ལྕགས་རི་བསྐོར་ནས་སྤོ་ལོ་ཐང་ཞིག་བསྐྲུན། “སྤང་ཐང་དུ་རྡོ་ཧྲུག་མང་ལ་འབར་འབུར་གྱིས་ཁེངས་པས་་རྟག་ཏུ་རྐང་ཚིགས་བུད་པའམ་འགྱེལ་བའི་སྣང་ཚུལ་ཐོན་གྱི་ཡོད”ཅེས་ལྷུན་གྲུབ་རྒྱལ་མཚན་གྱིས་བཤད།

    རི་སྟེང་དུ་ཕྲུ་གུ་ཚོར་རྩེད་མོ་རྩེད་ས་ཉུང་བ་དང་མི་རྒན་ཚོ་རི་བསྲུངས་ནས་སྡོད་པ་ལས་ཁྱིམ་གྱི་སྒོ་ཁར་ཡོང་འབབ་གསོག་ས་མེད། གྲོང་ཚོའི་ནང་གི་གཞོན་ནུ་དང་དར་མ་མང་ཆེ་བ་ཡུལ་གཞན་དུ་ཨར་པོ་རྒྱུག་པར་འགྲོ་གི་ཡོད། ཟླ་བ་ཚེ་རིང་ནི་ཚོན་པ་ཞིག་ཡིན་པས་བོད་བཟོའི་འཛིན་ཆས་སྣ་ཚོགས་ལ་ཚོན་གཏོང་ཐུབ་ཀྱི་ཡོད། འོན་ཀྱང་རི་སྟེང་གི་སྡོད་ཁང་ཆུང་ལ་འཛིན་ཆས་འཇོག་ས་མེད་པ་དང་། གྲོང་ཚོའི་ནང་ཁོང་གི་འཇོན་ཐང་ངོམས་ས་མེད་པར་བརྟེན་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ནག་ཆུ་དང་ཉིང་ཁྲིར་ཚོན་གཏོང་བར་འགྲོ་རྒྱུ་ལས་ཐབས་གཞན་མེད།

    2018ལོ་ནས་བཟུང་། བོད་ཀྱིས་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་སོགས་ཀྱི་གནས་སྤོའི་རྣམ་གྲངས་རབ་དང་རིམ་པ་འཆར་འགོད་དང་བཅས་ལག་བསྟར་བྱས། 2019ལོར་འོ་ལུང་གྲོང་ཚོའི་དུད་ཚང་45ཡི་མི་223གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་གནས་སྤོའི་ས་ཚིགས་སུ་སྤོས་པ་དང་། གྲོང་མི་རྣམས་ཨར་འདམ་ལྕགས་རྩིབས་མའི་བོད་བཟོའི་ཁང་པ་གསར་པར་སྤོས་པ་མ་ཟད། རྨོ་ཞིང་ཡང་གསར་པ་རག་ཡོད།

    ཞིང་ས་ཡངས་ལ་ཁང་བཟང་བརྗིད་ཉམས་ཆེ། ད་ཆ་ལྷུན་གྲུབ་རྒྱལ་མཚན་ཁྱིམ་གྱི་ཐོག་སོ་གཉིས་པར་ཉལ་ཁང་བཞི་ཡོད་པ་དང་། ནང་མི་མི་རབས་གསུམ་ལ་རང་ཉིད་ལ་དབང་བའི་འཚོ་བའི་བར་མཐོངས་ཡོད་པ། གསང་སྤྱོད་ཀྱང་གཙང་ལ་སྟབས་བདེ་བའི་ཆུ་བཤལ་གཏོང་ས་ཡོད་པར་སྒྱུར་བཅོས་བྱས་ཡོད།

    གྲོང་ཚོ་དེའི་མྱུར་བགྲོད་གཞུང་ལམ་དང་བར་ཐག་སྤྱི་ལེ་ཕྱེད་ཀ་ཙམ་ལས་མེད་པས་འགྲིམ་འགྲུལ་སྟབས་བདེ་བས། ཁྱིམ་ཚང་མི་ཉུང་བ་ཞིག་གིས་འཇིབ་ཆུང་ཉོས་ཡོད། སློབ་དུས་འདིར་རྔ་སྒྲ་ཆ་ཚང་སློབ་གྲྭ་གྲོང་ཚོའི་ཉེ་འགྲམ་དུ་སྤོས་པས་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་སྐབས་རྐང་ཐང་མར་སྐར་མ་3ལས་འགྲོ་དགོས་ཀྱི་མེད།

    རི་སྟེང་དུ་ཡུན་རིང་བསྡད་པའི་རྒན་རྒོན་ཚོར་རྐེད་པ་དང་རྐང་པ་ན་བ་དང་། མིག་ནད་སྔོ་གྲིབ། ཁྲག་ཤེད་མཐོ་བའི་ནད་སོགས་ཕོག་ཡོད། འདི་གར་གནས་སྤོ་བྱས་རྗེས་གྲོང་མི་ཚོས་ལོ་ལྟར་འཆར་ཅན་གྱི་གཟུགས་པོར་བརྟག་དཔྱད་བྱས་པས་གཟུགས་པོ་ཐང་དུ་ཕྱིན་ཡོད།

    གྲོང་མི་ཨོ་རྒྱན་ཆོས་འཛོམས་འདི་ལོ་ལོ་61ལ་སླེབས་པ་དང་ཁྲག་ཤེད་མཐོ་བའི་ནད་ཡོད། ཁོང་གིས“དེ་སྔ་ང་ཚོ་སྡོད་ས་ཐག་རིང་ལུང་ཁུག་ཡིན་པས་ན་ཚ་ལྟ་བ་དང་སྨན་ཉོ་བར་སྟབས་བདེ་པོ་མེད” “ད་ཆ་གྲོང་ཚོའི་ནང་འགྲིམ་འགྲུལ་སྟབས་བདེ་བ་དང་། གན་འཇོག་སྨན་པས་སྒོ་ཁར་ཞབས་འདེགས་ཞུ་བར་ཡོང་གི་ཡོད། ཁ་སྔོན་རྫོང་གི་བོད་སྐྱོར་སྨན་པས་ཆེད་མངགས་གྲོང་མིར་ནད་ལྟ་བར་ཡོང་བ་མ་ཟད། ད་དུང་ཁྲག་ཤེད་གཅོག་པའི་སྨན་ཡང་སྤྲད་གནང་བྱུང”ཞེས་བཤད།

    ལམ་འགྲམ་དུ་སྤོས་རྗེས་མི་རྣམས་ཁྱིམ་གཞིས་གསར་པར་ཧ་ཅང་དགའ་པོ་བྱུང་ཡོད། ཡུལ་མི་མང་པོས་ཐོག་ཁར་རྒྱལ་དར་བཙུགས་པ་དང་། ཉི་གཡབ་སྟེང་དུ་མེ་ཏོག་གསོས་ཡོད། ཟླ་བ་ཚེ་རིང་གྲམ་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཡོད་ཅིང་། ཁོང་གི་སྐུལ་ཁྲིད་འོག་ཡུལ་མི་ཚོས་གཟའ་འཁོར་རེའི་གཟའ་ཟླ་བར་རང་འགུལ་ངང་གྲོང་ཚོར་གཙང་སྦྲ་བྱེད་ཀྱི་ཡོད།

    གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་བསྐྲུན་པའི་ཞིང་པའི་དཔེ་དེབ་ཁང་དང་། སྤྲོ་གསེང་རོལ་རྩེད་ཁང་། ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ཐང་ཆེན་བཅས་ནི་རྒན་དར་གཞོན་གསུམ་རྟག་ཏུ་སྐྱོད་ས་གསར་པར་གྱུར་ཡོད།

    “ཞིང་པའི་དཔེ་དེབ་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་རིགས་མང་པོ་ཡོད་པས་ངས་རྟག་ཏུ་གཡར་བར་འགྲོ་གི་ཡོད”ཅེས་གྲོང་མི་ལུང་བསྟན་ཚེ་རིང་གིས་བཤད་ཅིང་། ཁོང་གིས“དུས་ཚིགས་རེར་གྲོང་ཚོའི་ནང་རིག་གནས་དམངས་ཕན་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་པ་དང་ཐང་ཆེན་དུ་ད་དུང་ཐོག་མེད་གློག་བརྙན་ཡང་སྟོན་གྱི་ཡོད”ཅེས་བཤད།

    “ད་ཆ་ང་དེ་སྔོན་ལས་བྲེལ་བ་ཆེ་བ་འདུག”ཅེས་ཟླ་བ་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བཤད་ཅིང་། ཁོང་གིས“ཁོམ་པ་ཡོད་དུས་འཛིན་ཆས་ལ་ཚོན་གཏོང་གི་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། གྲམ་མདའ་གྲོང་ཚོས་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད་ཞིང་ལས་དང་ཡུལ་སྐོར་གྱི་མཉམ་འདྲེས་ཁེ་ལས་དེའི་ནང་ཞུགས་རྒྱུའི་ཡིད་དབང་ཕྲོགས་ནས་ཡུལ་བབ་དང་བསྟུན་ཏེ་སྡོང་ཕྲུག་དང་། འབྲས་ཤིང་། སྔོ་ཚལ་བཅས་བཏབ་པ་མ་ཟད། སྐྱེ་ཁམས་ཡུལ་སྐོར་གྱི་སྤྲོ་གསེང་ལས་རིགས་ཀྱང་འཕེལ་རྒྱས་གཏོང་གི་ཡོད་པ་རེད།

    “སྔོན་ཆད་ང་ཚོ་ཕྱིར་ཨར་པོར་འགྲོ་བར་ལམ་ཡག་པོ་མེད། ད་དུང་ཐག་རིང་ས་ཁུལ་དུ་འགྲོ་དགོས། འདི་གར་སྤོས་རྗེས་ཉེ་འགྲམ་དུ་ཁེ་ལས་ཡོད་པས་ལས་ཀ་ཡག་པོ་རག་གི་འདུག”ཅེས་ཤིང་ཏོག་དང་སྔོ་ཚལ་འདེབས་མཁན་གྲོང་མི་ཚུལ་ཁྲིམས་ཆོས་འབྱོར་གྱིས་བཤད།

    གྲམ་མདའ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བསམ་གྲུབ་རྒྱ་མཚོས། ས་ཞིང་བརྒྱུད་བཤུག་དང་མ་རྐང་ནང་ཞུགས་ནས་བགོ་འགྲེམས་རྒྱག་པ་སོགས་ཀྱི་བྱེད་སྟངས་བརྒྱུད་མང་ཚོགས་རྣམས་ལ་ཐག་ཉེ་ས་དང་སྟབས་བདེ་ས་ནས་ཡོང་འབབ་གསོག་ཐུབ་ཀྱི་ཡོད། 2023ལོར་གྲམ་མདའ་གྲོང་ཚོའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.3ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།