བོད་ཀྱི་ཆབ་མདོར།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཇ་རྟའི་གནའ་ལམ་སྟེང་དུ་འཆར་ཡན་གྱི་གཏམ་རྒྱུད་འཚོལ་བ།
འདི་ནི་བོད་ལྗོངས་སྨར་ཁམས་རྫོང་འཇང་མི་རིགས་ཤང་སྒོར་ལྷ་ཚང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་མ་བྱན་ཚོས་ཅཱ་ཅཱ་ཐུག་པ་བཟོ་བཞིན་པ།
འདི་ནི་བཟོ་བོས་བོད་ལྗོངས་བར་མ་ཚང་འབུར་སྐུ་སྒྱུ་རྩལ་ཚད་ཡོད་ཀུང་སིའི་བཟོ་ཁང་དུ་གསེར་དངུལ་ལ་ཚགས་འདོན་བཞིན་པ།
འདི་ནི་ཞིང་པས་བོད་ལྗོངས་སྨར་ཁམས་རྫོང་འཇང་མི་རིགས་ཤང་དུ་རྒུན་འབྲུམ་འཐུ་བཞིན་པ།
ངོམ་ཆུ་དང་རྫ་ཆུ་གཉིས་འདྲེས་ནས་ལྷུང་ལྷུང་དུ་འབབ་པ་ནི་ཟླ་ཆུ་རེད། ཧན་རྒྱལ་རབས་ནས་བཏོད་པའི་ཇ་རྟའི་གནའ་ལམ་གྱིས་བོད་ལྗོངས་དེ་ཉིད་ཡུན་ནན་དང་སི་ཁྲོན་སོགས་མཐའ་འཁོར་གྱི་ཞིང་ཆེན་དབར་འབྲེལ་མཐུད་བྱས་པ་མ་ཟད། མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཀྱང་ཐུབ་སྟེ་མི་ཆོས་རིག་གནས་དང་རང་བྱུང་ཁམས་ཞི་མཐུན་གྱི་འཆར་ཡན་གྲོང་ཁྱེར་ཏེ་ཆབ་མདོ་གྲོང་ཁྱེར་ཆགས།
རྫ་ཆུའི་བཞུར་རྒྱུན་དེད་ནས་བྱང་ཕྱོགས་སུ་བསྐྱོད་ན། མི་འབོར་5000ཙམ་ཡང་མེད་པའི་ཁ་རུབ་ཆུས་ཀརྨ་ཤང་དུ་སླེབས་པ་དང་། ཡུལ་ལུང་དེ་གའི་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་ཐང་ག་འབྲི་བ་དང་། གསེར་དངུལ་རྡུང་བཟོ། རྡོ་བརྐོས་སོགས་མི་རིགས་ལག་ཤེས་བཟོ་རྩལ་གྱི་ལས་ལ་གཞོལ་གྱི་ཡོད་ལ། ཧ་ལམ་དུད་ཁྱིམ་རེར་བཟོ་བོ་དང་རྒྱུན་འཛིན་པ་རེ་ཡོད་པ་རེད།
བྱམས་པ་གླིང་དགོན་གྱི་རྡུལ་ཚོན་དཀྱིལ་འཁོར་དང་། ཀརྨ་རིན་ཆེན་གླིང་གི་མར་གྱིས་བཟོས་པའི་མེ་ཏོག་གི་མཆོད་པ། ཁམས་ཁུལ་གྱི་བོད་སྦག ཁ་རུབ་ཀྱི་མེ་ཆ་སོགས་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་35ཀརྨ་རོང་གི་ལོ་ངོ་སྟོང་གི་ཁ་རུབ་སྒྱུ་རྩལ་ཀརྨ་འགྲེམས་སྟོན་ཁང་དུ་བཤམས་ཡོད་པ་རེད།
ཀརྨ་ཤང་སྐྱོ་མདའ་གྲོང་ཚོའི་གཡུ་ཡག་ཚང་མི་རིགས་ལག་ཤེས་བཟོ་རྩལ་གསོ་སྐྱོང་སློབ་གླིང་དུ་སྐྱོད་དུས། གསེར་དངུལ་རྡུང་བཟོའི་སྒྲ་དང་ཆབས་ཅིག་འགྲེམས་སྟོན་ཁང་དུ་བཤམས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་དག་མིག་ལམ་དུ་མངོན་འོངས། ཡུལ་སྐོར་བས་ཐག་ཉེ་ས་ནས་བཟོ་བོས་གསེར་དངུལ་ཟངས་གསུམ་གྱི་རྡུང་སྟངས་ལ་ལྟ་ཆོག་པ་དང་། ཟངས་ལྕགས་དཀྱུས་མ་ཞིག་མེ་ལྕགས་དང་བོད་གྲི་སྤུས་ལེགས་སུ་བཟོ་ཐུབ་ཀྱི་ཡོད། ཁམས་པའི་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་བྱུ་རུ་དང་གཟི་ཡི་མགུལ་རྒྱན་འདོགས་པ་དང་། སྐེད་པར་མེ་ཆ་དང་བོད་གྲི་བཏགས་ནས་རྔམ་ཟིལ་ཆེ་བའི་ཉམས་འགྱུར་དང་རིག་གནས་ཀྱི་གཞི་རྒྱུ་མང་བའི་ཡུལ་སྲོལ་གོམས་གཤིས་ཀྱི་འདྲ་པར་ཡག་པོ་རྒྱག་ཐུབ་པ་རེད།
ཧོ་པེའི་ཡུལ་སྐོར་བ་ཅ་ཡིང་གིས“ངས་དཔེ་དེབ་ནས་མཐོང་མྱོང་། ཅ་དངོས་འདི་དག་ནི་ཇ་རྟའི་གནའ་ལམ་གྱི་ཉོ་ཚོང་ཁྲོད་བྲིན་ཁ་རྒྱུག་པོ་འདུག”ཅེས་བརྗོད།
ཀརྨ་ལམ་ཆེན་འགྲམ་གྱི་སྒོ་ར་ཆུང་ཆུང་ཞིག་ཏུ་མངོན་མིན་རིག་གནས་ཤུལ་བཞག་གི“བར་མ་འབུར་རྡུང་སྐུ་བརྙན་བཟོ་རྩལ”ཁྲིད་སྦྱོང་རྟེན་གཞི་དང་། བོད་ལྗོངས་བར་མ་ཚང་འབུར་སྐུ་སྒྱུ་རྩལ་ཚད་ཡོད་ཀུང་སིའི་བཟོ་ཁང་དུ་གསེར་དངུལ་ཟངས་ལྕགས་ཀྱི་རིགས་འབོར་ཆེན་ཞིབ་ཚགས་ངང་རྡུང་བཟོ་དང་ཚག་བརྒྱབ་ནས་དཀྱིལ་འཁོར་དང་སྐུ་བརྙན་ཆེན་པོ་མང་པོ་བཞེངས་འདུག
འབུར་རྡུང་ཞེས་པ་ནི་ཟངས་ལེབ་བམ་ཡང་ན་གསེར་དངུལ་ལེབ་མོར་བརྟེན་ནས་རི་མོ་འབུར་དོད་དང་། སྐུ་བརྙན་སྣ་ཚོགས། བཟོ་བཀོད་རྒྱན་ཆ་སོགས་བཟོ་བ་ཞིག་ཡིན་ལ། དེ་ནི་བཟོ་བོར་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་མེད་ན་སྒྲུབ་དཀའ་བ་ཞིག་རེད།
“སྲོལ་རྒྱུན་གྱི་སྐུ་བརྙན་བཟོ་བ་ཙམ་མ་ཟད་ད་ཆ་ང་ཚོས་ཀྲུང་དབྱང་མཛེས་རྩལ་སློབ་གླིང་དང་སི་ཁྲོན་སློབ་ཆེན་སོགས་མཐོ་སློབ་དབར་མཉམ་ལས་ཀྱང་བྱེད་ཀྱི་ཡོད། མཁས་དབང་གིས་བརྟག་ཞིབ་དང་སློབ་མས་ལག་ལེན་བྱས་པ་བརྒྱུད། ང་ཚོར་སྒྱུ་རྩལ་མཁས་ཅན་གསར་པ་དང་ན་གཞོན་མཛེས་རྩལ་ཤེས་ལྡན་པ་དང་མཉམ་དུ་སྒྱུ་རྩལ་གསར་རྩོམ་བྱེད་པའི་གོ་སྐབས་བྱུང་ནས་རིག་གནས་བསམ་བཀོད་ཐོན་རྫས་བཟོ་བཞིན་ཡོད”ད་ལོ་ནས་བཟུང་། སྒོ་རའི་ནང་ད་དུང་བཟོ་ཁང་དམངས་སྲོལ་གནས་ཚང་གཉེར་ནས་ཡུལ་སྐོར་བར་བོད་ཀྱི་རིག་གནས་ལ་མྱོང་རོལ་བྱེད་དུ་འཇུག་གི་ཡོད་ཅེས་ཀུང་སིའི་འགན་འཁུར་བ་ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་བརྗོད།
“ཀྲུང་གོའི་བོད་ཀྱི་རིག་གནས་ལ་ང་རང་ཧ་ཅང་དགའ་པོ་ཡོད། ད་རེས་ཆེད་མངགས་སྐུ་བརྙན་བཟོ་སྟངས་མྱོང་རོལ་བྱས་པ་ཡིན་ལ། ཚོར་སྣང་དམིགས་བསལ་ཞིག་ཀྱང་འདུག”ཅེས་དབྱིན་ཇིའི་ཡུལ་སྐོར་བ་སི་ཏི་ཧྥེན་གྱིས་བཤད།
ད་ལོའི་ཟླ་9པའི་བར། ཆབ་མདོ་གྲོང་ཁྱེར་ཡོངས་སུ་དེ་དང་ཆ་འདྲ་བའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་39ཡོད་པ་རེད།
“ཡོ་རོབ་ཏུ་དབྱི་ཐ་ལིར་ཧྥོ་ལུའོ་ལུན་ས་ཞེས་པའི་རིག་གནས་སྒྱུ་རྩལ་གྲོང་ཡོད་ཅིང་། ཀྲུང་གོ་རུ་ཆབ་མདོའི་ཀརྨ་ཡུལ་ཕྱོགས་ཀྱིས་ཀྱང་མཛེས་ཤིང་ཡིད་དུ་འོང་བའི་བོད་ཀྱི་རིག་གནས་དང་རིག་རྩལ་གྱི་གྲོང་རྡལ་ཆུང་ངུ་ཞིག་གཏོད་རྒྱུ་རེད”རང་བྱུང་ཁམས་ཀྱི་གནང་སྦྱིན་དང་རིག་གནས་ཀྱི་ནང་དོན་ལས་གྲུབ་པའི་ཀརྨ་ཡི་ཡུལ་སྲོལ་གྱིས་གོ་ལ་ཧྲིལ་པོའི་སྐུ་མགྲོན་ཆབ་མདོར་ཡོང་བའི་ཡིད་དབང་འཕྲོག་གི་ཡོད་པ་རེད་ཅེས་ཀརྨ་ཤང་གི་ཤང་ཀྲང་ལི་ཙེ་ཡུང་གིས་བརྗོད།
ཟླ་ཆུའི་བཞུར་རྒྱུན་དེད་ནས་ལྷོ་ཕྱོགས་སུ་སྐྱོད་སྐབས་རྒུན་ཆང་དང་ཆུ་ཚན་ཡོད་པའི་ཡུལ་ལུང་གིས་ཆབ་མདོར་ཉམས་འགྱུར་གཞན་ཞིག་བསྣན་ཡོད།
ཟླ་ཆུ་ནི་སྨར་ཁམས་རྫོང་འཇང་མི་རིགས་ཤང་དང་། ཆུ་ཚན་ཁ་ཤང་། རྨོག་ཤོད་ཤང་བཅས་ལས་གྲུབ་པའི་ལུང་གཞུང་དུ་རྒྱུག་བཞིན་ཡོད་ཅིང་། ཡུལ་དེར་དུས་རབས་19པའི་དུས་དཀྱིལ་ནས་བཟུང་རྒུན་ཆང་སྙོལ་གྱི་ཡོད། ད་ཆ་དུད་ཁྱིམ་ཀུན་གྱིས་ཤིང་འབྲས་འདེབས་པ་དང་ཆང་རག་སྙོལ་གྱི་ཡོད་ལ། “ཚྭ་ཁ་ལྷོའི་རྒུན་ཆང”ཞེས་པའི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཀྱང་ཡོད་པ་རེད།
ཆབ་མདོའི་མཛོ་སྒང་དང་རི་བོ་ཆེ་སོགས་རྫོང་གཞན་དང་འདྲ་བར་སྨར་ཁམས་ནི་ཐག་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཆུ་ཚན་གྱི་ཕ་ཡུལ་ཡིན། ཡུན་ནན་དང་སི་ཁྲོན་ནས་བོད་དུ་ཡོང་བའི་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཇ་རྟའི་གནའ་ལམ་དེད་དེ་ཆུ་ཚན་ལ་རོལ་ནས་སྣང་བ་སྐྱིད་པོ་དང་བཅས་བོད་དུ་འགྲུལ་བཞུད་བྱེད་ཀྱི་ཡོད་པ་རེད།
ཆུ་ཚན་ཁ་ཤང་དུ་རི་ཁྲོད་ཀྱི་ཆུ་ཚན་ཡོད་པ་དང་དེའི་གྲངས་འབོར་དང་གསར་སྤེལ་བྱེད་ཚད་སྨར་ཁམས་རྫོང་གི་མདུན་གྲལ་དུ་སླེབས་ཡོད། རྒུན་ཆང་གི་ཐོན་རྫས་ཁྱབ་གདལ་གཏོང་ཆེད། ཡུལ་ལུང་དེ་གས་ད་དུང་དེ་གཉིས་ཟུང་འབྲེལ་བྱས་ནས་ཐུན་མིན་ཁྱད་ཆོས་ལྡན་པའི་རྒུན་ཆང་དམར་པོའི་ཆུ་ཚན་བཏོད་པ་རེད། ཕྱི་རོལ་གྱི་ཆུ་ཚན་དུ་ཁྲུས་ལ་རོལ་བཞིན་ཡུལ་སྐོར་བས་མཚན་མོར་ལུང་གཞུང་གི་རྒུན་ཆང་དམར་པོ་འཐུང་བ་དང་སྐར་ཚོགས་དབུས་ཀྱི་དཀར་གསལ་ཟླ་བར་ཡང་མྱོང་རོལ་བྱེད་ཆོག་པ་རེད།
སྨར་ཁམས་ལ་སླེབས་ན་ཚྭ་ཁ་ལྷོའི་ཅཱ་ཅཱ་ཐུག་པའི་བྲོ་བ་ངེས་པར་མྱོང་དགོས། ཕོར་པ་རེར་ཁ་མ་གང་ལས་མེད་པས་ཕོར་པ་མང་པོ་བཏུངས་ཚེ་གཞི་ནས་གྲོད་པ་རྒྱགས་ཐུབ། ཕོར་པ་གང་རེ་སྣོན་ཐེངས་རེར་མགྲོན་པོས་ཅོག་ཙེའི་སྟེང་དུ་རྡེའུ་རེ་བཞག་ནས་ཁ་གྲངས་བརྩི་དགོས། སྨར་ཁམས་ལ་གཞུང་དོན་ཐེངས་མང་སྒྲུབ་པར་སྐྱོད་མཁན་སི་ཁྲོན་བ་ཕུན་ཚོགས་ཀྱིས“སྔོན་ཆད་སི་ཁྲོན་གྱི་ཐུག་པ་དང་། ཡུན་ནན་གྱི་ཕག་ཤ ཡུལ་འདི་གའི་བྲོ་རྫས་བཅས་ཀྱིས་བཟོས་པ་ཞིག་ཡིན་པས། ཇ་རྟའི་གནའ་ལམ་གྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད”ཅེས་བཤད།
ད་ཆ་སྨར་ཁམས་ཀྱི་ཟ་ཁང་མང་ཆེ་བར“ཅཱ་ཅཱ་ཐུག་པའི་འགྲན་སློང་འགྲན་བསྡུར”སྤེལ་གྱི་ཡོད་ཅིང་། སྦྱིན་བདག་གིས་ཕོར་པ་ཆུང་ཆུང་ལ་བརྟེན་ནས་ཐུག་པ་སྣོན་པ་དང་མགྲོན་པོས་ཕོར་པ་རེ་རེ་བྱས་ནས་འཐུང་གི་ཡོད་པ་རེད།
འཇང་མི་རིགས་ཤང་གི་སྒོར་ལྷ་ཚང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་མཁན་སྒོར་ལྷ་སྒྲོལ་མས“མིག་སྔར་ཟ་ཁང་དུ་ཐུག་པ་འཐུང་ཚད་མང་ཤོས་ཕོར་པ་147ཡིན། འོན་ཀྱང་འཚོ་བ་ཇི་ཙམ་ལེགས་ཀྱང་ཆུད་ཟོས་སུ་གཏོང་མི་རུང་། ང་ཚོས་སྐུ་མགྲོན་ལ་གལ་སྲིད་གྲོད་པ་རྒྱགས་ཚེ་ཐུར་མའི་རྩེ་ཕོར་པར་བཀན་ནས་བཞག་ན་ཐུག་པ་སྣོན་མཚམས་འཇོག་གི་ཡིན་ཞེས་དྲན་སྐུལ་བྱེད་ཀྱི་ཡོད”ཅེས་བཤད།