དབུ་ཤོག>པར་མཛོད།
  • རང་ལྗོངས་ཀྱི་ས་གནས་ཁག་གིས་ཟླ་མཆོད་དུས་ཆེན་དགའ་གཏོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-18

    འདི་ནི་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ“ཚན་རིག་འཚོལ་ཞིབ་ལ་ནམ་ཡང་འཛད་མཐའ་མེད། ཟླ་མཆོད་དུས་ཆེན་ལ་གཡག་རྟེན་མཛོད་གླིང་སྐོར”ཞེས་པའི་སྤྱི་ཚོགས་སློབ་གསོའི་བྱེད་སྒོའི་ནང་ཕྲུ་གུ་ཚོས་རང་ཉིད་ཀྱིས་དྲས་པའི་གཤོག་དྲས་བརྩམས་ཆོས་སྟོན་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་གཉེར་བའི“ཟླ་མཆོད་དུས་ཆེན་དགའ་གཏོང་བྱེད། ང་ཚོ་དཔེ་ཀློག་དང་ལྷན་དུ་འགྲོགས”ཞེས་པའི་རིག་གནས་བྱེད་སྒོའི་རིང་གྲོགས་པོ་ཆུང་ཆུང་ཚོས་རང་ཉིད་ཀྱིས་བཟོས་པའི་རི་བོང་གཟུགས་ཀྱི་ལྒང་བཞུ་སྟོན་བཞིན་པ།

    འདི་ནི་བོད་ལྗོངས་མངའ་རིས་དམག་ཁུལ་ཡན་ལག་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གི་དཔོན་དམག་ཚོས་ཟླ་མཆོད་བག་ལེབ་ཟ་བཞིན་པ།

    ཟླ་མཆོད་དུས་ཆེན་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་རེད། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། ཟླ་མཆོད་དུས་ཆེན་དགའ་བས་བསུས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྲོལ་རྒྱུན་དུས་ཆེན་གྱི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཡོད།

    ཟླ་མཆོད་དུས་ཆེན་གྱི་སྔ་ནུབ་ཏུ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ཕྱི་ནས་ཡོང་བའི་ལས་མི། བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་སོགས་སྒྲིག་འཛུགས་བྱས་ཏེ་འགོ་སྣེ་གྲོང་ཚོ་དང་ཆོས་སྡེ་གོང་གྲོང་ཚོར“ཟླ་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུས་ནས་རྒྱལ་སྟོན་བསུ་བ——མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ང་ཚོའི་དུས་ཆེན་མཉམ་དུ་དགའ་གཏོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

    ཟླ་9ཚེས་14ཉིན་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་ས་སྐྱ་གྲོང་རྡལ་ཁའུ་གྲོང་ཚོར“ཤེས་དཔལ་ལག་ལེན་ས་ཚིགས་སུ་ཟླ་མཆོད་དུས་ཆེན་གཏོང”ཞེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་ནས་ཟླ་མཆོད་བག་ལེབ་དང་ཤིང་ཏོག་ཟ་བ་དང་། ཟླ་མཆོད་དུས་ཆེན་གྱི་སྙན་ངག་སྐྱོར་བ། མཐུན་སྒྲིལ་དང་མཛའ་གྲོགས་གླེང་བ་བཅས་བྱས་ཡོད།

    ཟླ་9ཚེས་14ཉིན་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་མི་དམངས་འཐུས་ཚོགས་གཞུང་ལས་ཁང་དང་། སྲིད་གྲོས་གཞུང་ལས་ཁང་། མང་ཚོགས་ཚོགས་པའི་རྩ་འཛུགས་ལས་དོན་པུའུ་བཅས་ཀྱིས“ཟླ་མཆོད་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་ནས་མཐུན་སྒྲིལ་ཟབ་ཏུ་གཏོང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡོད། བྱེད་སྒོའི་ནང་མི་རིགས་ཁག་གི་སྤུན་ཟླས་མི་རིགས་ཀྱི་ཁྱད་ལྡན་གྱོན་ཆས་གྱོན་པ་དང་རང་རང་སོ་སོའི་ཕ་ཡུལ་གྱི་གོམས་གཤིས་མཉམ་སྤྱོད་བྱས་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་མཉམ་གཞས་ཆེན་པོ་ལེན་པ་དང་། གབ་ལན་འདེབས་པ། གསུང་རབ་ཀློག་པ། ཡིག་གཟུགས་འབྲི་བ་སོགས་སྲོལ་རྒྱུན་རོལ་རྩེད་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་དང་ཆབས་ཅིག ཟླ་མཆོད་བག་ལེབ་ཟ་གིན་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྐོར་གླེང་བ་རེད། ཚང་མས་ཐོབ་པར་དཀའ་བའི་འཚོ་བ་སྐྱིད་པོར་གཅེས་སྤྲས་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང“མོས་སེམས་ལྔ”ཆེ་རུ་གཏོང་ཆེད། ཟླ་9ཚེས་14ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་ཟླ་མཆོད་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་སྡེ་ཁུལ་གྱི་གྲོང་མི་བརྒྱ་ལྷག་སླེབས་ཡོད་པ་དང་བྱེད་སྒོའི་ནང་དོན་སྣ་མང་ཕུན་སུམ་ཚོགས་ཤིང་། རིག་རྩལ་འཁྲབ་སྟོན་ཡོད་ལ། ཤོག་ཆག་ཧབ་ཐོབ་རྒྱག་པ་དང་། ལྒང་བཞུའི་གབ་ལན་འདེབས་པ་སོགས་ཀྱི་རོལ་རྩེད་ཀྱང་ཡོད་པ་རེད། བྱེད་སྒོ་ཧྲིལ་པོ་འགོ་འཛུགས་ཞབས་བྲོ《བཀྲ་ཤིས་ཞོལ་པའི》ཁྲོད་དུ་འགོ་ཚུགས་པ་དང་འཁྲབ་སྟོན་ལ་ཞུགས་མཁན་ནང་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཆེད་ལས་འཁྲབ་སྟོན་པ་ཡོད་ལ། སྡེ་ཁུལ་ཁག་གི་རིག་རྩལ་རུ་ཁག་ནས་ཡོང་བའི་འཁྲབ་སྟོན་པའང་ཡོད་པ་རེད། ཚང་མས་གླུ་ལེན་གར་འཁྲབ་བྱས་ཏེ་སྲོལ་རྒྱུན་དུས་ཆེན་ཟླ་མཆོད་དུས་ཆེན་དགའ་གཏོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།