དམངས་ཡོངས་ཀྱིས་ལག་གདང་སྦྲེལ་ནས་དྲ་རྒྱའི་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ།
2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོའི་ཟུར་བཀོད།

ཟླ་9ཚེས་11ཉིན། བོད་ལྗོངས་གློག་འཕྲིན་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་དོ་དམ་ཁང་གིས་དྲ་རྒྱའི་བདེ་འཇགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་དང་། གྲངས་གཞིའི་བདེ་འཇགས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སོགས་ལ་དམིགས་ནས“གློག་འཕྲིན་ཉིན་མོའི”བྱེད་སྒོ་སྤེལ་ཞིང་། འདི་ནི་ལས་དོན་མི་སྣས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པ།

ཟླ་9ཚེས་9ཉིན། 2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་ལྷ་སར་སྤེལ་ཞིང་། འདི་ནི་གྲོང་མིས་VRཁ་བསླུས་སྔོན་འགོག་གི་འདྲ་བཟོའི་མ་ལག་སྤྱོད་བཞིན་པ།
འདི་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་བཏོན་གནང་ནས་ལོ་10འཁོར་བའི་ལོ་ཞིག་རེད། 2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི“མི་དམངས་ཀྱི་ཆེད་དུ་དྲ་རྒྱའི་བདེ་འཇགས་བསྲུངས། དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན”ཞེས་པ་དེ་རེད།
ཟླ་9ཚེས་9ཉིན། 2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་ལྷ་སར་སྤེལ་བ་རེད།
ལྗོངས་ཏང་ཨུད་དྲ་འཕྲིན་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་དང་། མི་དམངས་ཀྱི་ཚོགས་པ་ཁག ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་བཅས་དང་དེ་བཞིན་ལྗོངས་ཕྱི་ནང་གི་དྲ་རྒྱའི་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། མཐོ་སློབ། སྨྱན་སྦྱོར་གྱི་འཐུས་མི་སོགས་མི་400ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དྲ་རྒྱ་དང་གྲངས་གཞིའི་བདེ་འཇགས་མཐུན་སྦྱོར་ཁྲུའི་ཁྲུའུ་ཀྲང་བཀྲ་ཤིས་ཀྱིས“འདི་ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རིང་ང་ཚོས་བྱེད་སྒོ་གསར་པ་རབ་དང་རིམ་པ་སྤེལ་ཡོད་དེ། 2024ལོའི་དྲ་འཕྲིན·ཞོན་ཏུན་ཇོ་མོ་གླང་མའི་དྲ་རྒྱའི་བདེ་འཇགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྤེལ་བ་དང་། དྲ་ཐོག་གི་འགྲེམས་ཁང་བཙུགས་ནས་སྟོབས་ཤུགས་ཆེ་ལ་ཞབས་ཞུའི་ནུས་པ་མངོན་གསལ་དོད་པའི་ལྗོངས་ཕྱི་ནང་གི་གྲགས་ཅན་དྲ་རྒྱའི་བདེ་འཇགས་ཁེ་ལས་10ལྗོངས་དྲ་འཕྲིན་གཞུང་ལས་ཁང་གི་འཕྲལ་སྡོམ་ལག་རྩལ་གྱི་འདེགས་སྐྱོར་ཚན་པར་བསྡུ་ལེན་བྱས་པ་དང་དུས་མཚུངས། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་སྒོའི་རྣམ་པ་གསར་གཏོད་བྱས་ཏེ‘མི་དམངས་ཀྱི་ཆེད་དུ་དྲ་རྒྱའི་བདེ་འཇགས་བསྲུངས། དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན’པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། AIཡི་གཙོ་སྐྱོང་པ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ཡུལ་དུ་འབོད་པ་མ་ཟད། དྲ་རྒྱའི་བདེ་འཇགས་སྒྲོག་འགྲེལ་པ་ཞིང་ནང་དང་མུ་ཁར་བསྐྱོད་དེ། བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཤེས་རྟོགས་དང་དྲ་རྒྱའི་བདེ་འཇགས་རྒྱུས་མངའ་ལོན་པར་ཁྲིད་སྟོན་བྱས་ཏེ་ཐུན་མོང་ཐོག་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ཐུབ་པར་བྱས་ཡོད”ཅེས་གསར་འགོད་པར་བཤད།
གྲོང་མི་ཕུར་བུ་བཀྲ་ཤིས་ཀྱིས“དྲ་རྒྱའི་བདེ་འཇགས་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ངས‘མི་དམངས་ཀྱི་ཆེད་དུ་དྲ་རྒྱའི་བདེ་འཇགས་བསྲུངས། དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་པའི’འདུ་ཤེས་ལ་གོ་བ་ལེན་ཚད་ཟབ་ཏུ་ཕྱིན་སོང་། སླད་ཕྱིན་ངས་ཀྱང་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཡ་རབས་ངང་དྲ་རྒྱར་ཞུགས་པ་དང་བདེ་འཇགས་ངང་དྲ་རྒྱ་སྤྱོད་རྒྱུ་ཡིན”ཞེས་གསར་འགོད་པར་བཤད།
དྲ་རྒྱའི་བར་མཐོངས་ནི་ང་ཚོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཡིན། ཆ་འཕྲིན་དུས་རབས་སུ་ང་ཚོས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ཏེ་མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་ཆེན་པོ་ཞིག་འཛུགས་པ་དང་དྲ་རྒྱའི་བདེ་འཇགས་ཀྱི་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་དྲ་རྒྱའི་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་ཞིག་འཛུགས་དགོས།