དབུ་ཤོག>པར་མཛོད།
  • “00རྗེས་སྐྱེས”ཀྱི་སློབ་ཆེན་སློབ་མས་མཐའ་མཚམས་སུ་ལས་གཏོད་བྱེད་པ།

    ལག་རྩལ་ཆུང་ངུའི་བསམ་འདུན་ལ། བྱ་གཞག་ཆེན་པོའི་འབྲས་བུ་འདོཌ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-25

    འདི་ནི་སྐྲ་བཞར་བཞིན་པའི་པ་སངས་རྒྱ་མཚོ་ཡིན་པ།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཙ་རི་ཤང་དུ“00རྗེས་སྐྱེས”ཀྱི་སློབ་ཆེན་སློབ་མ་པ་སངས་རྒྱ་མཚོས་ཤང་ཡོངས་སུ་སྐྲ་ཁང་དང་པོ་དང་སེན་མོ་མཛེས་བཟོ་ཁང་དང་པོ་བཙུགས་རྗེས། ཡོང་འབབ་དང་དོ་ཁུར་བྱེད་མཁན་གྱི་གྲངས་འབོར་གཉིས་ཀ“ཁྲི་གཉིས་ལས་བརྒལ་བའི”རེ་བ་བྱེད་འགོ་ཚུགས།

    ཙ་རི་ཤང་གི་མཐོ་སར་གནས་པའི་ལྗོངས་གཟིགས་སྟེགས་བུ་ནས་རྒྱང་ལ་བལྟས་ཚེ། སྨུག་སྤྲིན་དཀར་པོའི་དར་དཀར་དཀྲིས་པ་ལྟ་བུའི་ནགས་ཀློང་སྟུག་པོ་ནི་མཛེས་རིས་མཁས་པས་ཆེད་དུ་བྲིས་པ་ལྟ་བུར་སྣང་བ་དང་། མཐའ་མཚམས་ཤང་དེར་བཙུགས་པའི“ཙ་རིའི་སྐྲ་ཁང”གིས་རི་མོ་འདིར་དར་སྲོལ་གྱི་ཚོན་མདངས་ཤིག་བརྒྱན་པ་ལྟར་མཐོང་།

    པ་སངས་རྒྱ་མཚོ་ནི་ཙ་རི་ཤང་ནས་ཡིན་པ་དང་། 2000ལོར་སྐྱེས་པ་དང་2020ལོར་ཧུའུ་ནན་ཞིང་ཆེན་ཤང་ཤིས་མི་རིགས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པ་རེད། སློབ་གྲྭ་ཐོན་རྗེས་ཁོ་པ་སྔ་རྗེས་སུ་ཕ་ཡུལ་གྱི་སྒུལ་བདེའི་དྲ་རྒྱ་དང་ཆུ་ཀ་ལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཉེར་སྐྱོང་ཉམས་གསོ་སོགས་ཀྱི་ལས་ཀར་ཞུགས། ལས་ཀ་བྱེད་སྐབས་མཐའ་མཚམས་ཀྱི་ཉིན་རེ་ལས་མ་འདས་པའི་འགྱུར་ལྡོག་དང་གང་སར་ཚོང་ལས་ཀྱི་གོ་སྐབས་ཡོད་པ་མཐོང་སྐབས་ཁོ་པའི་ལས་གཏོད་ཀྱི་ཕུགས་འདུན་རིམ་གྱིས་འཕེལ་བ་རེད།

    པ་སངས་རྒྱ་མཚོ་སློབ་གྲྭར་འགྲོ་སྐབས་མཛེས་འཆོས་ཆེད་ལས་སྦྱངས་མེད་ཀྱང་། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད། ཁོ་པས་2023ལོའི་ཟླ་2པར་ལས་དགོངས་ཞུས་ཏེ་ཁྲུང་ཆིང་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དུ་བསྐྱོད་ནས་ལོ་ཕྱེད་ཙམ་ནང“སྐྲ་འཁྲུ་བ་དང་། འབྲེག་པ། ཚོས་རྒྱག་པ། བཟོ་ལྟ་བཟོ་བ”སོགས་ལག་རྩལ་ཧུར་ཐག་སྦྱངས་པ་རེད།

    “ལས་གཏོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཅུང་བདེ་བླག་བྱུང” 2023ལོའི་ཟླ་8ཚེས་30ཉིན། པ་སངས་རྒྱ་མཚོའི་སྐྲ་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། པ་སངས་རྒྱ་མཚོས་གསར་འགོད་པར་ད་ཆ་མཐའ་མཚམས་ས་ཁུལ་གྱི་དྲ་རྒྱ་དང་། འགྲིམ་འགྲུལ། ཟོག་འགྲེམས་བཅས་ཧ་ཅང་སྟབས་བདེ་བ་དང་ལས་གཏོད་ལ་མཁོ་བའི་སྒྲིག་ཆས་དང་སྒྲིག་བཀོད་མང་པོ་ཞིག་དྲ་རྒྱ་ནས་ཉོ་ཐུབ་པས་གོ་ཆོད་ལ་སྟབས་ཀྱང་བདེ་པོ་འདུག་ཅེས་བཤད། དེ་དང་ཆབས་ཅིག ལས་གཏོད་བྱེད་རིང་པ་སངས་རྒྱ་མཚོར་རང་ཉིད་ཀྱི་མི་ཚེའི་བརྩེ་གྲོགས་ཐུག་ནས་འདོད་མཐུན་སེམས་མཐུན་གྱི་ཡེ་ཤེས་མཚོ་མོ་དང་བཟའ་ཚང་བསྒྲིགས།

    ལས་གཉེར་བྱེད་འགོ་ཚུགས་རྗེས་པ་སངས་རྒྱ་མཚོས་སྐུ་མགྲོན་ལ་སྐྲ་བཞར་བའི་བརྙན་ཐུང་བཟའ་ཟླ་ཡེ་ཤེས་མཚོ་མོས་བརྙན་ལམ་ལས་སྟེགས་ཐོག་སྤེལ་བས་མྱུར་དུ་སྐད་གྲགས་ཆེ་རུ་ཕྱིན་པ་མ་ཟད། ཐ་ན་མཐའ་འཁོར་གྲོང་ཚོའི་སྐུ་མགྲོན་གྱི་ཡིད་དབང་བཀུག་ཡོད་པ་རེད། བཟའ་ཚོ་གཉིས་ཀྱི་བརྙན་ཐུང་ལས་སྟེགས་ཐོག་གསར་འགོད་པས“ལས་ཀ་ཧ་ཅང་ཡག་པོ་བྱེད་ཀྱི་འདུག”ཅེས་པ་དང“ལག་རྩལ་དཔེ་ཡག་པོ་འདུག”ཅེས་པ་སོགས་ཀྱི་བསྔགས་བརྗོད་ཀྱི་གཏམ་ཚིག་མཐོང་བྱུང་།

    ཉམས་མྱོང་ཡག་པོ་བསགས་རྗེས། འདི་ལོའི་ཟླ་དྲུག་པར་པ་སངས་རྒྱ་མཚོས་ལས་སྒོ་ཆེ་རུ་གཏོང་རྒྱུའི་ཐག་བཅད་དེ་སེན་མོ་མཛེས་བཟོ་བྱེད་འགོ་ཚུགས། དེ་སྔོན་དང་འདྲ་བར་ལག་རྩལ་དང་ཉམས་མྱོང་མེད་པའི་གནས་ཚུལ་འཕྲད་སྐབས། པ་སངས་རྒྱ་མཚོས་བཟའ་ཟླ་ཡེ་ཤེས་མཚོ་མོ་ལྷོ་ཁ་གྲོང་ཁྱེར་དུ་སེན་མོ་མཛེས་བཟོ་སྦྱོང་བར་འགྲོ་རྒྱུར་རྒྱབ་སྐྱོར་བྱས།

    གསར་འགོད་པས་བཅར་འདྲི་མ་བྱས་གོང་གི་ཉིན་གཉིས་རིང་། བཟའ་ཚོ་གཉིས་པོའི་སེན་མོ་མཛེས་བཟོ་ཁང་དངོས་སུ་བཙུགས་པ་དང་སེན་མོ་མཛེས་བཟོའི་ཚོང་དང་པོར་སྒོར་90རག་པ་རེད།

    རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་ཤར་རླུང་དང་བསྟུན་ནས། བཟའ་ཚོ་གཉིས་པོས་ལག་རྩལ་ཆུང་ངུ་དེ་རིགས་ཀྱིས་ཀྱང་མཐའ་མཚམས་ས་ཁུལ་དུ་གྲུབ་འབྲས་གཡུར་དུ་ཟ་བའི་བྱ་གཞག་གཏོད་ཐུབ་པའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།