བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ལྷ་སར་མཇུག་འགྲིལ་བ།
འདི་ནི་མཇུག་འགྲིལ་མཛད་སྒོར་མི་རིགས་རོལ་དབྱངས་འགྲན་བསྡུར་ཆེ་མོའི་བྱ་དགའ་ཐོབ་པའི་བདམས་ཐོན་པས《སྙན་འཇེབས་ལྡན་པའི་རོལ་དབྱངས་དཀྲོལ་ནས་དར་རྒྱས་ཆེ་བའི་དུས་རབས་ལ་བསྟོད》ཅེས་པ་མཉམ་དུ་དཀྲོལ་བཞིན་པ།
ཟླ་8ཚེས་12ཉིན་གྱི་དགོང་མོ་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་དགོང་ཚོགས་བོད་ལྗོངས་ཟློས་གར་ཁང་ཆེ་མོར་འཚོགས་པ་རེད།
མཇུག་འགྲིལ་མཛད་སྒོར་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་བྱ་དགའ་མཐོ་ཤོས་ཏེ། “སྐལ་བཟང་མེ་ཏོག་བྱ་དགའ”དང་བོད་ཀྱི་སྐར་ཚོགས་བྱ་དགའ་དེ་བཞིན་འབྲེལ་ཡོད་སྒྱུ་རྩལ་འགྲན་བསྡུར་གྱི་བྱ་དགའ་བཅས་རེ་རེ་བཞིན་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་སྐལ་བཟང་མེ་ཏོག་གི་རྣམ་གྲངས་རྐྱང་པའི་བྱ་དགའ་6དང་སྐལ་བཟང་མེ་ཏོག་གི་བྱ་དགའ་ཆེན་པོ་3ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ཟླ་7ཚེས་12ཉིན་འགོ་ཚུགས་ཚུན་བྱེད་སྒོ་ཁག་ལྟད་མོ་ཆེ་བ་དང་བཀྲག་མདངས་འཚེར་ས་མང་པོ་ཡོད། ཕུལ་བྱུང་ཟློས་གར(ལེ་ཚན)10ལྗོངས་ཡོངས་ཀྱི་ཕུལ་བྱུང་ཟློས་གར་འགྲེམས་འཁྲབ་ལ་ཞུགས་པ་དང་། རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་། བོད་ལྗོངས་ལྷ་མོ་ཚོགས་པ། གཏམ་བརྗོད་ཟློས་གར་ཚོགས་པ། གྲོང་ཁྱེར་དང་ས་ཁུལ་7བཅས་ཁྱོན་འཁྲབ་སྟོན་ཚོགས་པ་24ཡིས་ཉིན་30ཡི་རིང་འཁྲབ་སྟོན་ཐེངས་40བྱས་པ་དེའི་ནང་ལྷ་མོ་དང་། གླུ་གར། གཏམ་བརྗོད་ཟློས་གར། རོལ་དབྱངས་འདུ་ཚོགས། རིག་རྩལ་དགོང་ཚོགས་སོགས་སྒྱུ་རྩལ་གྱི་རྣམ་པ་ཚུད་ཡོད། ལྗོངས་ཕྱི་ནང་གི་ལེ་ཚན(བརྩམས་ཆོས)761དང་འགྲན་བསྡུར་ལ་ཞུགས་མཁན་1579ཡིས་གཞོན་ནུ་གཞས་པའི་འགྲན་བསྡུར་ཆེ་མོ་དང་། ཆེད་ལས་ཞབས་བྲོའི་འགྲན་བསྡུར་ཆེ་མོ། རྣམ་ཐར་འགྲན་བསྡུར་ཆེ་མོ། མི་རིགས་རོལ་དབྱངས་འགྲན་བསྡུར་ཆེ་མོ། ཟློས་གར་ཆུང་གྲས་དང་འཁྲབ་ཚན་ཐུང་གྲས་ཀྱི་གཞས་མ་གཏམ་གྱི་འགྲན་བསྡུར་ཆེ་མོ། ལྗོངས་ཡོངས་ཀྱི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་ཆེ་མོ། གྲགས་ཅན་གཞས་པ་གཞས་མའི་འགྲན་བསྡུར་ཆེ་མོ་བཅས་ལ་ཞུགས་པ་རེད། གཞན་ཡང་ལྗོངས་ཡོངས་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཞབས་བྲོའི་འགྲན་བསྡུར་དང་། བརྐོས་དཀྲོལ་པར་འདེབས་འགྲེམས་སྟོན། ཡིག་གཟུགས་མཛེས་རྩལ་འགྲེམས་སྟོན། ཕུལ་བྱུང་གི་བརྗོད་དོན་གཙོ་བོའི་གླུ་གར་འདུ་ཚོགས་སོགས་རིག་གནས་བྱེད་སྒོ་ལས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཟབ་མོ་མངོན་པ་དང“བདེ་སྐྱིད་ལྡན་པའི་བོད་ལྗོངས”ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་བརྒྱུད་སྤྲོད་ཀྱང་བྱས་ཡོད།