དབུ་ཤོག>པར་མཛོད།
  • གྱི་ལིང་རྟ་ཕོས་བང་རྩལ་ངོམ། ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ།

    འཕན་པོ་ལྷུན་གྲུབ་རྫོང་གི་འོང་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-10


    འཕན་པོ་ལྷུན་གྲུབ་རྫོང་གི་དྲ་གྲགས་ཀུན་དགའ་རྣམ་རྒྱལ་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་བཞིན་པ།

    མདའ་འཕེན་འགྲན་བསྡུར་ལ་ཞུགས་པའི་མདའ་པ་ཡིན་པ།

    ས་གནས་དེ་གའི་མང་ཚོགས་ཀྱིས་ལྷ་མོ་འཁྲབ་བཞིན་པ།

    འོང་སྐོར་གྱི་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་པའི་རྟ་པ་ཡིན་པ།

    འགྲན་ཞུགས་པས་རྟ་རྩལ་ངོམ་བཞིན་པ།

    མང་ཚོགས་ཀྱིས་འོང་ཁ་སྐོར་བཞིན་པ། (པར་ཚང་མ་ལྷུན་གྲུབ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་མཁོ་འདོན་བྱས)

    ནེའུ་གསིང་གཡུ་ཡི་མཎྜལ་ཕྱིས་འདྲར་འཁུ་བའི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། ཞིང་ནང་དུ་འབྲས་བུའི་ཁུར་གྱིས་དུད་པའི་ལོ་ལེགས་ཀྱི་སྙེ་མས་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་དུས་བཟང་འདིར། འཕན་པོ་ལྷུན་གྲུབ་རྫོང་གི་མང་ཚོགས་ཀྱིས་ཞིང་ཁུལ་གྱི་ཆེས་འཁྲུག་ཆ་དོད་ཅིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་སྲོལ་རྒྱུན་གྱི་ཞིང་པའི་དུས་ཆེན་ཏེ། འོང་སྐོར་དགའ་སྤྲོའི་དཔལ་ལ་རོལ་བ་རེད། འོང་སྐོར་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་དང་། བོད་མི་རིགས་ཀྱི་ལོ་ལེགས་བསུ་བའི་སྲོལ་རྒྱུན་གྱི་དུས་ཆེན་གྲ་རྒྱས་ཤོས་ཤིག་ཀྱང་ཡིན་ཞིང་། ད་བར་ལོ་ངོ་ཆིག་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། འོང་སྐོར་གྱི་ཉིན་མོར། ཡུལ་དེ་གའི་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་རྟ་རྒྱུག་འགྲན་བསྡུར་དང་རིག་རྩལ་འཁྲབ་སྟོན་ལ་སོགས་མིག་ཡིད་ཀྱི་དགའ་སྟོན་དུ་གྱུར་པའི་ལྟད་མོ་གྲ་རྒྱས་བཤམས་ནས། ལོ་གཅིག་དུས་གཅིག་གི་འོང་སྐོར་གྱི་དགའ་སྟོན་ལ་རོལ་ཏེ། བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་བསྟོད་གླུ་ཕུལ་ཞིང་། ཆར་ཆུ་དུས་སུ་འབབ་པ་དང་། རྒྱལ་དམངས་བདེ་ལ་འཁོད་པ། ལོ་ཕྱུགས་རྟག་ཏུ་ལེགས་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།

    ལྷུན་གྲུབ་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་དང་པོ་དང་། འབྲོག་ལས་རྫོང་ཆེན་གཉིས་པ་རེད། གནས་དེའི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་དང་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། “ལྷ་ས་གྲོང་ཁྱེར་གྱི་ལྡུམ་ར་རྒྱབ་མ་དང་ལྷ་སའི་འབྲུ་མཛོད”ཅེས་པའི་མཚན་སྙན་མངའ་ཞིང་། རང་བྱུང་གི་ས་གཞི་གཤིན་པོའི་དྲིན་ལས་ལྷུན་གྲུབ་རྫོང་གི་ས་བྱད་ནི་རྩྭ་ཐང་དང་རྨོ་ཞིང་གི་རྣམ་པ་གཉིས་སུ་གྲུབ་ཅིང་། གང་དེའི་ཞིང་ས་གཤིན་པོའི་པང་དུ་ལྷུན་གྲུབ་རྫོང་གི་སྐྱེ་བོ་བགྲང་ལས་འདས་པ་དགའ་བདེའི་དཔལ་ལ་རོལ་བཞིན་མཆིས། ལྷུན་གྲུབ་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཤར་མཚམས་སུ་གནས་ཤིང་། ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་65ཙམ་ཆོད་ཡོད། སྲིད་འཛིན་ཁྱབ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་4460ཡོད་པ་དང་། རྫོང་ཁོངས་སུ་ཤང་9དང་གྲོང་རྡལ་1 སྲིད་འཛིན་གྲོང་ཚོ་46 གྲོང་མིའི་ཚོགས་ཆུང་189བཅས་ཡོད་ཅིང་། ལྷུན་གྲུབ་རྫོང་གི་ཤང་དང་གྲོང་ཚོ་ཁག་གིས་རང་སོ་སོའི་དོན་དངོས་ཀྱི་གནས་ཚུལ་གཞིར་བཟུང་འོང་སྐོར་གཏོང་སྲོལ་ཡོད།

    ལྷུན་གྲུབ་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་ལོ་རེའི་འོང་སྐོར་རིང་། སྲོལ་རྒྱུན་རྟ་རྒྱུག་དང་། རྟ་རྩལ་འཁྲབ་སྟོན། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་གྱི་ཡོད།

    དཔལ་འབྱོར་གླིང་ཤང་འདམ་བཅད་གྲོང་ཚོའི་འོང་སྐོར་གཏོང་སར། རྟ་པ་38དང་མདའ་པ་38ཀྱིས་ལྟད་མོ་བ་མི་གྲངས་ཁྲི་གཉིས་ལྷག་གི་འབོད་སྒྲའི་ཁྲོད་འགྲན་རར་ཡོང་ནས་འགྲན་བསྡུར་ལ་དངོས་སུ་ཞུགས་འགོ་ཚུགས།

    འགྲན་བསྡུར་མ་བྱས་གོང་། རྟ་པ་ཚོས་སྟོང་རྒྱུག་ཐེངས་གཅིག་བཏང་བ་དང་། སྟོང་རྒྱུག་མཇུག་འགྲིལ་རྗེས། རྟ་རྒྱུག་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། རྟ་པ་ཚོས་ལག་ཏུ་མདའ་གཞུ་བཟུང་སྟེ་རྟ་ཐོག་ནས་མདའ་འཕེན་གྱི་ཡོད་པ་དང་། དྲང་གཞག་ཡོང་ཆེད། འབེན་རེ་རེའི་འགྲམ་དུ་མི་གཉིས་རེ་བསྡད་དེ་མདའ་ཕོག་ཚད་བསྡོམས་རྩིས་རྒྱག་གི་ཡོད། རྟ་རྒྱུག་འགྲན་བསྡུར་མཇུག་འགྲིལ་རྗེས། ཁྲུང་ཞུ་མས་རྟ་པ་ཚོར་གླུ་བླངས་ནས་ཇ་ཆང་འདྲེན་པ་དང་། གྲོང་ཚོ་ཨུ་ལྷན་གྱིས་འབེན་ལ་ཕོག་པའི་མདའ་གྲངས་ལྟར་རྟ་པ་ཚོར་ཁ་བཏགས་གཡོགས་ནས་བྱ་དགའ་སྤྲད་པ་རེད།

    དེ་རྗེས། རྟ་པ་ཚོས་རྟ་རྩལ་ངོམ་ཞིང་། ཁོང་ཚོའི་བྱང་ཆུབ་པའི་རྟ་རྩལ་དང་། བདེ་ལྕག་འཁྱུག་པའི་ལུས་ཀྱི་སྟངས་སྟབས། ཕུན་སུམ་ཚོགས་པའི་འཁྲབ་སྟོན་བཅས་ཀྱིས་རྒྱ་ཆེའི་ལྟད་མོ་བར་མིག་ཡིད་རྣ་བའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་ལ། དྲ་དམངས་མང་པོས་ཀྱང་ཁ་པར་གྱི་བརྙན་ཤེལ་བརྒྱུད། ལྷུན་གྲུབ་རྫོང་གི་གྲོང་ཚོ་ཁག་གི་འཁྲུག་ཆ་དོད་པའི་འོང་སྐོར་གྱི་ལྟད་མོ་སྣ་ཚོགས་དང་ས་གནས་ས་ཐོག་གི་མང་ཚོགས་ཀྱི་དགའ་སྤྲོ་འཁོལ་བའི་རྣམ་པ་ཉམས་སུ་མྱོང་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།