ཚོན་མདོག་སྣ་ལྔའི་ལྒང་བཞུས་རབ་ཏུ་བརྒྱན་པའི་རྫོང་རྒྱབ་ཀླུ་ཁང་།
འདི་ནི་ལྒང་བཞུའི་འདུ་ཚོགས་ལས“འབྲུག་འཕྱོའི་སྐལ་བཟང”གི་ལྒང་བཞུའི་རྣམ་པ་ཡིན་པ།
ཡུལ་སྐོར་བ་ཆུང་ཆུང་ཞིག་གིས་བོད་བཟོའི་ཨ་ལས་པད་གོག་ཉོ་བཞིན་པ།
གྲོང་མིས་ནས་ནག་རྩམ་པའི་རིན་གོང་འདྲི་བཞིན་པ།
“དང་པོའི་བཅོ་ལྔའི་དུས་ཆེན་གྱི་ལྒང་བཞུ་ཚོན་ཁྲ་ཅན”གྱི་རྣམ་པ་ཡིན་པ།
“ཁམ་བུའི་མེ་ཏོག་དང་བྱ་ཚེ་རིང”གི་ལྒང་བཞུ་ཡིན་པ།
གྲོང་མིས་ལྒང་བཞུའི“ཝུའུ་དབྱི་སྲང་ལམ”མདུན་དུ་པར་རྒྱག་བཞིན་པ།
ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ། ཆིན་ཧོའེ་ཆུས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ལྷ་སར་འོད་མདངས་བསྣན། ཆིན་ཧོའེ་ལྒང་བཞུའི་འདུ་ཚོགས”ཀྱི་འགོ་འཛུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
ཟླ་བདུན་པར། རྫོང་རྒྱབ་ཀླུ་ཁང་ནང་དུ་ཚོན་མདོག་སྣ་ལྔའི་ལྒང་བཞུ་རིམ་པས་སྤར་ཏེ། “གནམ་འོག་གི་ལྒང་བཞུའི་འདུ་ཚོགས་ཨང་དང་པོ”དང་། “ཆིན་ཧོའེ་ཡི་ལྒང་བཞུ་གནམ་འོག་ཀུན་ཏུ་གྲགས”ཞེས་པའི་ཆིན་ཧོའེ་ལྒང་བཞུའི་འདུ་ཚོགས་ཀྱི་གློག་སྒྲོན་གྱིས་ལྷ་སའི་མཚན་མོ་དེ་བས་བཀྲག་མདངས་ཆེ་བར་གྱུར།
ལྒང་བཞུའི་འདུ་ཚོགས་སུ་དལ་གྱིས་སྐྱོད་སྐབས། ཅང་སུའུ་དང་ལྷ་སའི་ཁྱད་ཆོས་ལྡན་པའི་ལྒང་བཞུ་ཚོན་ཁྲ་ཅན་མང་པོ་གོ་རིམ་ལྡན་པའི་ངང་སྤྱི་གླིང་གི་ཕྱོགས་ཁག་ཏུ་བཙུགས་པས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད།
“ཆེད་མངགས་ཅང་སུའུ་རུ་འགྲོ་མི་དགོས་པར་ལྷ་ས་ནས་ཆིན་ཧོའེ་ལྒང་བཞུའི་འདུ་ཚོགས་ལྟ་ཐུབ་པས་ཧ་ཅང་དགའ་པོ་བྱུང་། དངོས་གནས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་མིག་གི་དགའ་སྟོན་གཟབ་རྒྱས་རང་རེད་འདུག”ཅེས་གྲོང་མི་ཚེ་རིང་བདེ་སྐྱིད་ཀྱིས་པར་རྒྱག་བཞིན་གྱིན་བཤད།
“ང་ནི་ནན་ཅིང་ནས་ཡོང་བའི་ཡུལ་སྐོར་བ་ཞིག་ཡིན། ལྒང་བཞུ་ཚོན་ཁྲ་ཅན་ལས་གྲུབ་པའི‘ཅང་སུའུ་དང་ལྷ་ས་ཁྱིམ་ཚང་གཅིག་ལྟར་བརྩེ’ཞེས་པའི་ཡི་གེ་འདི་མཐོང་སྐབས། རང་ཉིད་ལ་རང་དབང་མེད་པར་སེམས་འགུལ་ཐེབས་ནས་སྙིང་ཉེ་ཞིང་སྤོབས་པའང་སྐྱེས་བྱུང་། ང་ཚོས་ལྒང་བཞུའི་འགྲེམས་སྟོན་ལ་ལྟ་བ་ཕུད་ད་དུང་ཁྱད་ལྡན་ཚོང་འདུས་ནས་གཟུགས་པོར་ཕན་པའི་ནས་ནག་གི་རྩམ་པ་ཉོས་པ་ཡིན། ད་རེས་ཡུལ་སྐོར་དུ་ཡོང་རིན་ཆོག་འདུག”ཅེས་ཡུལ་སྐོར་བ་ལིའུ་ཡུས་ཀྱིས་དགའ་སྤྲོའི་ངང་བཤད།
ལྒང་བཞུར་ལྟ་བ་དང་སྤྱི་གླིང་བསྐོར་བ་ཕུད། ད་དུང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ལྷ་སའི་དངོས་ཟོག་ཡག་པོའི་ཁེ་ལས་སྒྲིག་འཛུགས་བྱས་ཏེ་རྫོང་རྒྱབ་ཀླུ་ཁང་དུ“ལྷ་སར་འོད་མདངས་བསྣན། ཆིན་ཧོའེ་ལྒང་བཞུའི་འདུ་ཚོགས”ཀྱི་ཚོང་འདུས་ཀྱི་བྱེད་སྒོ་སྤེལ་ཡོད། ཚོང་འདུས་བྱེད་སྒོའི་དུས་ཡུན་ཉིན་7ཡིན་པ་དང་། འགྲེམས་ཁུལ་22བཀོད་སྒྲིག་བྱས་པར། འགྲེམས་རྫས་ཀྱི་གྲས་སུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་དང་། ནས་ཀྱི་ཐོན་རྫས། ས་མཐོའི་དཀར་ཆུའི་ཐོན་རྫས། རིག་གནས་བསམ་བཀོད་ཐོན་རྫས་སོགས་རིགས་100ལྷག་ཙམ་ཡོད་པས་གྲོང་མི་དང་ཡུལ་སྐོར་བས་ལྷ་ས་གྲོང་ཁྱེར་གྱི་རིག་གནས་བསམ་བཀོད་ཀྱི་ཡུལ་སྐོར་ཐོན་རྫས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱུང་ཡོད།
ཁྲོམ་བཀྱག་གི་མདུན་དུ་བཀྲམ་པའི་སྤུས་ཀ་དག་ཅིང་རིན་གོང་ཁེ་བའི་རྩམ་པ་དང་ཞོ་ལ་ཡུལ་སྐོར་བ་མང་པོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྤུན་ཟླ་ཚང་མས་ང་ཚོའི་ལྷད་མེད་རྩམ་པའི་བྲོ་བ་མྱོང་ཐུབ་ཆེད། ང་ཚོས་ཐུམ་སྒྲིལ་མཛེས་སུ་བཏང་ནས་ཁྱེར་བདེ་ལ་ཉར་ཚགས་བདེ་པོའང་བཟོས་ཡོད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་བྱེད་སྒོ་ཆེ་གྲས་འདི་འདྲ་ཞིག་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་སྤུན་ཟླ་སྔར་བས་མང་བར་ཁྱད་ལྡན་ཐོན་རྫས་བརྒྱུད་ལྷ་ས་རྒྱུས་ལོན་ཡོང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་སྟོད་ལུང་རྒུ་རུམ་སྣང་རྩེ་རྩམ་པ་ཚད་ཡོད་ཀུང་སིའི་ནོར་དོན་ལས་རོགས་བློ་བཟང་ཉི་མས་ངོ་སྤྲོད་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ། ཆིན་ཧོའེ་ཆུས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ལྷ་སར་འོད་མདངས་བསྣན། ཆིན་ཧོའེ་ལྒང་བཞུའི་འདུ་ཚོགས”ཞེས་པའི་བྱེད་སྒོ་དེ་ཟླ་9ཚེས་30ཉིན་བར་མུ་མཐུད་སྤེལ་རྒྱུ་ཡིན་པ་དང་། ཁྱོན་འགྲེམས་ཁུལ་17དང་ལྒང་བཞུའི་གཟུགས་དབྱིབས་མི་འདྲ་བ་50བཀོད་སྒྲིག་བྱས་པ་དག“བཀྲ་ཤིས་རྟགས་བརྒྱད”དང་། “ནོར་གཡག” “འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆར་ཟིམ” “ཝུའུ་དབྱི་སྲང་ལམ”སོགས་ཅང་སུའུ་དང་ལྷ་སའི་ཁྱད་ཆོས་ལྡན་པའི་ནང་དོན་གྱིས་ལྷ་སའི་མཚན་ལྗོངས་ལ་འབྲི་ཆུའི་ལྷོ་རྒྱུད་ཀྱི་མཛེས་སྡུག་བསྣན་ནས་བོད་ལྗོངས་འཕེལ་རྒྱས་ཡོང་བར་བཀྲག་མདངས་བསྣན་ཡོད།