རང་བྱུང་ཁོར་ཡུག་མཛེས། རིག་གནས་ཕུན་སུམ་ཚོགས།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞོག་ཤང་གི་རང་བྱུང་མཛེས་ལྗོངས་སྐོར་གྱི་པར་རིས་བདམས་བཀོད།
སྟག་རྩེ་རྫོང་ནས་བཞུར་བའི་སྐྱིད་ཆུ་ཡིན་པ།
རབ་དཀར་ཁ་བས་བཀླུབས་པའི་ཞོག་ཤང་ཡིན་པ།
སྐར་ཚོགས་ས་ལ་འཕོས་པའི་རྩྭ་ཐང་ཡིན་པ།
ཞོག་ཤང་གི་ཟུར་ཞིག་ཡིན་པ།
བཀྲ་ཤིས་སྒང་གྲོང་ཚོར་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག་ཡིན་པ།
ཞོག་ཕུ་གྲོང་ཚོའི་ཡུལ་ལྗོངས་ཡིན་པ།
མཐའ་ཡས་པའི་བོད་ལྗོངས་ས་མཐོའི་ཡུལ་ལུང་དུ་ལྷིང་འཇགས་དང་ངོ་མཚར་ཆེ་བའི་ས་ཆ་ཞིག་ཡོད་ཅིང་། དེ་གར་ལོ་ངོ་སྟོང་གི་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་དང་རྫོགས་མཐའ་མེད་པའི་རང་བྱུང་མཛེས་ལྗོངས་ཡོད། དེ་ཡང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཞོག་ཤང་ཡིན་ཞིང་། ཡུལ་དེ་གའི་རྒན་རབས་ཚོའི་ཤོད་རྒྱུན་དུ་ཞོག་ཤང་གི་མིང་ནི་ཨ་ཁུ་སྟོན་པ་དང་འབྲེལ་བ་ཡོད་ཅེས་ཟེར། ཁོང་ལྷུན་གྲུབ་ཏུ་གྲོགས་པོ་ཐུག་པར་འགྲོ་དུས་ཞོག་ཤང་བརྒྱུད་སྐབས་གནས་དེའི་རང་བྱུང་མཛེས་ལྗོངས་ལ་ཡིད་དབང་རབ་ཏུ་འཕྲོག་ནས་གོམ་པའང་སྤོ་མཚམས་བཞག་པ་རེད། དེ་ལས་ཞོག་ཤང་ནི་མཛེས་སྡུག་ལྡན་པའི་ཡུལ་ལུང་ཞིག་ཡིན་པ་ཤུགས་སུ་མངོན། ད་ལྟའི་ཞོག་ཤང་དུ་ཁྲུང་ཁྲུང་སྐེ་ནག་ཅི་དགར་རོལ་བ་དང་ཤྭ་བ་མཆུ་དཀར་ནགས་གསེབ་ཏུ་རྒྱུ་བ་མ་ཟད། དགའ་ལྡན་ཁྲི་པ་འགའ་ཡང་ལུང་པ་འདི་ནས་འཁྲུངས་ཤིང་མི་རིགས་མང་པོ་ཞི་མཐུན་མཉམ་གནས་བྱུང་ཡོད།
ཞོག་ཤང་དུ་སླེབས་ན་ཡིན་གཅིག་གླེང་དགོས་པ་ཞིག་ནི་ཞོག་ཕུ་ཡིན་ལ། དེ་གར་ཞོགས་ལྷ་སོགས་རང་བྱུང་ཐོན་ཁུངས་དང་མི་ཆོས་རིག་གནས་ཀྱི་གནའ་ཤུལ་མང་པོ་ཡོད། གནས་དེ་ནས་ཁྱེད་ཀྱིས་བཟོ་ལྟ་ཁྱད་མཚར་བའི་བྲག་རྡོ་དང་། རྦབ་ཆུ། ཆུ་ཕྲན་བཅས་མཐོང་ཐུབ་པ་དང་། དེ་དག་ལས་ལྟ་ན་སྡུག་པའི་རི་མོ་ཞིག་ཀྱང་གྲུབ་འདུག ལུང་པ་ཡོངས་སུ་ཉི་འོད་འཕྲོས་མ་ཐག་རབ་དཀར་གྱི་ཆབ་རོམ་དང་ལྷུང་ལྷུང་དུ་རྒྱུག་པའི་རྦབ་ཆུ་ལས་འོད་ཟེར་ཆེམ་ཆེམ་བྱེད་པས་མི་ཡུལ་གྱི་དག་ཞིང་དང་གཉིས་སུ་མེད། ཡུལ་ལུང་འདི་གར་རྔམ་བརྗིད་ལྡན་པའི་རི་བོ་ཞིག་བར་སྣང་ལ་ཟུག་པ་ལྟར་འདུག་པ་ནི་བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཀྱི་ཞོགས་ལྷ་རྒྱུག་པོ་རེད། རི་འདབས་ནས་སྤྲིན་གསེབ་ཏུ་ཀྲོང་ངེར་འགྱིང་བའི་རི་བོ་དེར་བལྟས་ན། བརྗིད་ཉམས་དང་ངོ་མཚར་གྱི་ཆ་ཅུང་ཟད་ཚོར་ཐུབ་པའི་སྣང་བ་སྟེར།
ཆུ་ཕྲན་གྱི་འབབ་རྒྱུན་དེད་ནས་མར་ཡོང་ན། དགའ་ལྡན་ཁྲི་པ་གཉིས་ཀྱི་འཁྲུངས་ཡུལ་དུ་སླེབས་ཀྱི་ཡོད། དགའ་ལྡན་ཁྲི་པ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་མཚན་གནས་མཐོ་ཤོས་ཡིན་པ་རེད།
མི་ཆོས་རིག་གནས་ཀྱི་ལོ་རྒྱུས་ཙམ་མ་ཟད་ད་དུང་ཞོག་ཤང་གི་རང་བྱུང་མཛེས་ལྗོངས་ལའང་རང་དབང་མེད་པར་ཡིད་སྨོན་སྐྱེས་སྲིད། དེ་ལས་ཀྱང་ཡིད་དུ་འོང་བ་ནི་སྐར་ཚོགས་ཀྱི་རྒྱན་ཆ་བཏགས་པ་ལྟར་གྱི་རྩྭ་ཐང་རེད། མུན་རུབ་ཐེངས་རེ་རེར་བར་སྣང་དུ་སྐར་ཚོགས་ཁྲ་ཆིལ་ལེར་འཆར་བ་དང་། སྐབས་དེར་བར་སྣང་ཁམས་ནི་གནས་དེ་གར་ཡོངས་སུ་འཕོས་པ་ལྟར་སྣང་ཞིང་། རྩྭ་ཐང་དུ་སྔོ་ལྗང་གི་སྤང་ལྗོངས་དང་མཚན་མོའི་བར་སྣང་གི་སྐར་འོད་དབྱེར་མེད་དུ་འདྲེས་ནས་ཡིད་དུ་འོང་བའི་རི་མོ་ཞིག་གྲུབ་ཀྱི་ཡོད།
ཞོག་ཤང་གི་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་དང་རང་བྱུང་མཛེས་ལྗོངས་ཟུང་དུ་འབྲེལ་ནས་ཡུལ་གྲུ་འདི་གར་མཚར་སྡུག་དང་གསོན་ཤུགས་ཁྱད་པར་བ་ཞིག་གྲུབ་ཅིང་། གནས་འདི་ནས་ཁྱེད་ཀྱིས་བོད་རིགས་མི་དམངས་ཀྱི་བབ་ཆགས་དང་བརྩེ་སེམས་ཚོར་ཐུབ་ལ། ས་མཐོའི་ཡུལ་ལྗོངས་ཀྱི་མཛེས་སྡུག་དང་ངོ་མཚར་ཡང་ཤེས་ཐུབ། གནས་འདི་གར་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་ཡོད་ལ་རང་བྱུང་གི་མཛེས་པ་ཡོད་པས། ལྟ་སྐོར་བྱེད་རིན་ཡོད་པའི་ཡུལ་སྐོར་གྱི་གནས་མཆོག་ཅིག་རེད།
ཡུལ་ལུང་འདི་གར་ད་དུང་ངག་རྒྱུན་དང་གཏམ་རྒྱུད་སྙན་མོ་མང་པོའང་ཡོད་ཅིང་། གཏམ་རྒྱུད་དེ་དག་གིས་ཞོག་ཤང་གི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད་ལ་ས་ཆ་དེ་གར་ལྐོག་གྱུར་གྱི་ཉམས་འགྱུར་དུ་མའང་བསྣན་ཡོད། ས་རུབ་ཐེངས་རེ་རེར་ཆུ་འགྲམ་དུ་བསྡད་ནས་ཡུལ་མི་ཚོས་བརྗོད་པའི་ཞོགས་ལྷ་དང་། སྐུ་མཁར་སྟག་རྩེ་རྫོང་། ཞོགས་ཕུ་བཅས་ཀྱི་ངག་རྒྱུན་ལ་ཉན་བཞིན་ཡུལ་དུས་བརྒལ་ནས་རྒྱང་ཐག་རིང་བའི་ལོ་རབས་སུ་ལོག་པའི་སྣང་བའང་སྦྱིན་འོང་།
གཞན་ཡང་། ཞོག་ཤང་ལ་རྒྱ་ཆེ་བའི་ས་ཞིང་ཡོད་ཅིང་། དཔྱིད་ཀ་དང་དབྱར་ཁའི་མཚམས་སུ་ས་ཞིང་ནང་སྔོ་ཐིང་ཐིང་གི་ལོ་ཏོག་རྣམས་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་མགོ་ལྕོག་ལྡེམ་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉམས་སྣང་མངོན། སྟོན་ཁའི་དུས་སུ་གསེར་མདོག་གི་འབྲུ་རྡོག་དང་འབྲས་བུའི་ཁུར་གྱིས་ལྕི་བའི་ཤིང་འབྲས་སྡོང་པོ་དག་གིས་ཡུལ་ལུང་ལེགས་པར་བརྒྱན་པས། སྟོན་ཐོག་བཟང་བའི་དགའ་སྤྲོའི་ཉམས་བཟང་ཕྱོགས་གང་ས་ནས་མཐོང་ཐུབ། ས་ཞིང་དེ་དག་ནི་ཞོག་ཤང་གི་མང་ཚོགས་ཀྱིས་དཀའ་སྤྱད་ལས་ལ་འབད་པའི་དཔང་པོ་ཡིན་ལ་རང་བྱུང་ཁམས་ཀྱིས་བསྩལ་བའི་རྒྱུ་ནོར་རྩ་ཆེན་ཡང་རེད།
མི་ཆོས་རིག་གནས་དང་། གནའ་ཤུལ། ཡུལ་ལྗོངས་བཅས་མ་ཟད་ཞོག་ཤང་ལ་ད་དུང་ཐུན་མོང་མིན་པའི་དམངས་སྲོལ་རིག་གནས་དང་སྒྱུ་རྩལ་ཡོད། གནས་འདི་གའི་ཡུལ་མིས་སྲོལ་རྒྱུན་གྱི་བོད་རིགས་ཀྱི་རྒྱན་གོས་དང་། གླུ་གར། ལག་ཤེས་བཟོ་རྩལ་བཅས་ཉམས་མེད་སྲུང་སྐྱོང་བྱེད་ཀྱི་ཡོད་ཅིང་། ཁོང་ཚོས་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཡུལ་ལུང་འདིའི་རིག་གནས་ཀྱི་གཞི་རྒྱུ་རྒྱུན་འཛིན་བྱེད་བཞིན་ཡོད་པ་རེད།
ཞོག་ཤང་སྟེ། སའི་དགེ་བཅུ་ཚང་ཞིང་མི་ཆོས་རིག་གནས་ཕྱུག་པའི་ཡུལ་ལུང་དེ་གར་རང་བྱུང་མཛེས་ལྗོངས་ཁྱད་དུ་འཕགས་པ་ཡོད་པ་མ་ཟད། ད་དུང་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་གོམས་སྲོལ་ཕུན་སུམ་ཚོགས་པོའང་ཡོད། ཡུལ་འདི་ནས་ཁྱེད་ཀྱིས་ས་མཐོའི་ཡུལ་ལྗོངས་ཀྱི་མཛེས་སྡུག་དང་ངོ་མཚར་ཚོར་ཐུབ་ལ། བོད་རིགས་མི་དམངས་ཀྱི་བབ་ཆགས་དང་བརྩེ་སེམས་ཀྱང་ཤེས་ཐུབ།