ལྷོ་ཁའི་ཡར་ཀླུང་གཙང་པོའི་ནགས་བཟོ་བས།
སྔོ་འགྱུར་ནགས་བཟོའི་ལས་ལ་གཞོལ། ས་མཐོའི་རྣམ་པ་གསར་པར་བཅོས།
འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་གྱི་ཟུར་ཞིག་ཡིན་པ།
དཔྱིད་ཀྱི་བསིལ་རླུང་ཡངས་པའི་ས་གཞི་ཆེན་པོར་དལ་བུར་ལྡང་བ་དང་བསྟུན་ནས། ཡར་ཀླུང་གཙང་པོའི་དབུས་རྒྱུད་ངོགས་ཀྱི་རྒྱ་ལྕང་དང་གསོམ་ཤིང་སོགས་རྩི་ཤིང་དག་ཀྱང་རིམ་བཞིན་སྔོ་ལྗང་གོས་ཀྱིས་བཀླུབས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ངོགས་ཀྱི་སྐོར་གླེང་སྐབས། ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་ལ་མྱོང་ཚོར་ཟབ་མོས་ཁེངས་ཡོད།
ཡར་ཀླུང་གཙང་པོ་ལྷོ་ཁའི་ས་ཁོངས་སུ་བཞུར་སྐབས་ལུང་གཞུང་གི་ཁ་ཞེང་ཆེ་རུ་དང་ཆུ་རྒྱུན་དལ་དུ་འགྲོ་ལ། དགུན་དུས་དང་དཔྱིད་དུས་ཆུ་ཡུར་སྐམ་ནས་ལྷགས་པ་ལྡང་སྐབས་ལུང་པ་ཡོངས་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་འགོར། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་སྐྲུན་འགོ་བརྩམས་ཤིང་། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་ལྷོ་ཁ་བས“‘སྐྱེ་དངོས་མི་སྐྱེ་སར’ལྗོན་ཤིང་འདེབས་པའི”དཀའ་གནད་དེར་འགྲན་སློང་བྱེད་འགོ་ཚུགས།
ལི་ཁྲུན་ལུའུ་སོགས་ཁག་དང་པོའི་ནགས་བཟོ་བ་ཚོས་ཆུ་སྐམ་དུས་དང་འབྲུབ་ཆུ་རྒྱས་དུས་ཀྱི་ཆུ་ཁ་མཐོ་དམན་དང་། བྱེ་འབུར་སྤོ་བའི་ཆོས་ཉིད། རླུང་འཚུབ་ལྡང་བའི་ཉིན་གྲངས། ཆུའི་དྲོད་ཚད་བཅས་ཀྱི་འགྱུར་ལྡོག་སོགས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཀྱིས་རིགས་པས་ཁུངས་སྐྱེལ་དང་བརླན་བཤེར་ལ་འཚམ་པའི་ཤིང་སོན་འཚོལ་བ་ནས་མུའུ་80ཡི་གཞི་ཁྱོན་ཆུང་བའི་ཚོད་འདེབས་བྱས་པའི་བར་དང་། “རྩེད་ཐང་གི་མུའུ་ཁྲིའི་ནགས་ཚལ་རྟེན་གཞི་འཛུགས་སྐྲུན”ནས“རྩེད་ཐང་གི་འགོག་སྲུང་ནགས་ཚལ་རྟེན་གཞི་འཛུགས་སྐྲུན”བར། དེ་ནས“ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་གྱི་མ་ལག་འཛུགས་སྐྲུན”བར་བཅས་སུ་ཚན་རིག་དང་མཐུན་ཞིང་གཟབ་ལ་ནན་པའི་ལས་ཀ་བྱེད་སྟངས་ལ་བརྟེན་ནས། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཁྱད་དུ་བསད་དེ་གསར་གཏོད་རང་བཞིན་གྱི་རྨང་གཞིའི་ལས་དོན་འབོར་ཆེན་བསྒྲུབས་ཡོད།
1992ལོར། ཉི་མ་ཚེ་རིང་སྤོ་བོ་རྫོང་ནགས་ལས་ཅུས་ནས་དེ་སྔའི་ལྷོ་ཁ་ས་ཁུལ་ནགས་ལས་དོ་དམ་ས་ཚིགས་སུ་ལས་སྒྱུར་བྱས་ཤིང་། ཁོང་གིས་རྒན་རབས་པ་ཚོའི་རྗེས་སུ་འབྲངས་ནས་དཀའ་གནད་དེ་དག་དང་མུ་མཐུད་འཐབ་རྩོད་བྱེད་འགོ་བརྩམས་ཏེ། ལོ་30ལྷག་ཙམ་རིང་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བྱེ་རླུང་དང་། ཚ་གྲང་། ཐན་ཞོད་བཅས་འགོག་པའི་ཤིང་འཛུགས་ནགས་སྲུང་གི་ལས་ལ་གཞོལ།
ནགས་ཚལ་དོ་དམ་ས་ཚིགས་སུ་སླེབས་སྐབས། ལས་ཁུངས་ཀྱི་ལས་དོན་མི་སྣ་ཞིག་ནས་གཞི་རིམ་གྱི་ལག་རྩལ་པ་ཞིག་ཏུ་གྱུར་པར་ཉི་མ་ཚེ་རིང་ལ་མ་སྐྱིད་པ་གང་ཡང་བྱུང་མེད། ཁོང་ནི་ངང་རྒྱུད་རིང་ཞིང་ལྟ་ཞིབ་མཁས་ལ་སློབ་སྦྱོང་ལ་བརྩོན་པ་ཆེ་བས་ལས་གནས་གསར་པར་གང་མགྱོགས་གོམས་ཤིང་། ཁོང་གིས་སེམས་རྣལ་དུ་ཕབ་སྟེ་ནགས་ལས་རིགས་གཅིག་མཁས་ཅན་དང་ལག་རྩལ་མཁས་ཅན་རྒན་གྲས་ཀྱི་ས་ནས་ས་རྒྱུ་ལེགས་བཅོས་དང་། ཆུ་ལུད་གཡོག་བྱེད། ནད་འབུ་འགོག་བཅོས། ལྗང་བུ་གསར་འཛུགས། སྦྱར་ཁ་རྒྱག་སྟངས་སོགས་ཀྱི་ལག་རྩལ་ཤེས་བྱ་སྣ་ཚོགས་ནན་ཏན་ངང་སྦྱངས།
འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ཉི་མ་ཚེ་རིང་གིས། སྐབས་དེའི་དཀའ་ཚེགས་ཆེ་ལ་དོན་སྙིང་ལྡན་པའི་ལོ་ཟླ་ལས། སླད་ཕྱིན་གྱི་ནགས་བཟོ་སྔོ་འགྱུར་ལས་དོན་ལ་ལག་རྩལ་གྱི་རྨང་གཞི་བརྟན་པོ་བཏིང་ནས་འབྱུང་འགྱུར་གྱི་ལམ་བུར་བློ་བདེ་ཞིང་གདེང་ཚོད་ཆེ་བ་དང་བརྟན་པོའི་ངང་སྐྱོད་ཐུབ་བྱུང་ཞེས་བཤད།
ལོ་རེའི་ཟླ་བ་གསུམ་པ་དང་བཞི་པ་ནི་ནགས་བཟོ་བྱེད་པའི་དུས་ཚོད་ཡག་ཤོས་ཡིན་ལ་ནགས་ལས་ཚན་པ་བྲེལ་འཚུབ་ཆེ་ཤོས་ཀྱི་དུས་ཀྱང་ཡིན། ཉི་མ་ཚེ་རིང་དང་ལས་རོགས་ཚོས་སྔ་སྣུར་དུ་སྡོང་ཕྲུག་གྲ་སྒྲིག་དང་། ནགས་བཟོ་བྱ་ཡུལ་དབྱེ་འབྱེད། ཚོགས་པའི་མི་སྣར་ལག་རྩལ་གསོ་སྦྱོང་བཅས་བྱས་པ་དང་། ནགས་བཟོ་འགོ་ཚུགས་དུས་ཁོང་དང་ལས་རོགས་ཚང་མས་ལྕང་མ་འདེབས་པའི་ལས་བགོས་ཁ་གསལ་བརྒྱབ་པ། དེ་དང་དུས་མཚུངས་ས་གནས་ཐད་གཏོགས་ཚན་པའི་ལས་བྱེད་ལས་བཟོ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ནགས་བཟོའི་གྲུབ་འབྲས་ཀྱི་སྤུས་ཚད་ལོན་མིན་དང་ལག་རྩལ་ལ་མཛུབ་ཁྲིད་ཀྱང་བྱེད་ཀྱི་ཡོད།
“ཚང་མའི་ཤིང་འཛུགས་ཀྱི་སྤྲོ་སྣང་ཧ་ཅང་ཆེན་པོ་འདུག བློ་མཐུན་ཁ་ཤས་གཟུགས་པོ་ཡག་པོ་མེད་ཀྱང་ད་དུང་ལྕང་མ་འདེབས་པར་ཡོང་གི་ཡོད”ཅེས་ཉི་མ་ཚེ་རིང་གིས་བཤད་པ་དང་། ཁོང་གིས“སྡོང་ཕྲུག་ཕྲག་པར་ཁུར་ནས་ལམ་རིང་པོ་འགྲོ་དགོས་ལ། མཚམས་རེ་ང་ཚོ་ཀོ་གྲུར་བསྡད་ནས་གཙང་པོའི་ཕ་རོལ་གྱི་ལྟེ་བའི་བྱེ་ཐང་ལ་ལྕང་མ་འདེབས་པར་འགྲོ་དགོས་ཀྱི་ཡོད”ཅེས་བཤད།
ཉི་མ་ཚེ་རིང་གིས་ཉིན་ནས་ཉིན་དང་། ལོ་དང་ལོ་བསྟུད་ནས་ཞིང་ནང་མུ་ཁ་དང་། གྲམ་ཐང་དུ་སྐྱོད་ཀྱི་ཡོད། ལས་ཀའི་དཀའ་ཚེགས་སྐོར་གླེང་སྐབས། ཁོང་གིས“ལོ་ན་གཞོན་པའི་སྐབས་ཉིན་གང་པོ་དཔུང་པ་ས་འོག་ཏུ་བཅུག་དགོས་པས་རྟག་ཏུ་གྱོན་ཆས་བྱེ་མས་ཁེངས་ཤིང་ལས་ཀ་ཡང་དཀའ་ལས་ཆེན་པོ་ཡོད། རྗེས་སུ་ལྗང་གསོ་དང་ནགས་བཟོའི་ཤེས་བྱ་སྣ་ཚོགས་སྦྱངས་པས། རང་ཉིད་ཀྱིས་བཏབ་པའི་ལྗང་པ་གསོན་པ་མཐོང་སྐབས་སེམས་ནང་དགའ་སྣང་གིས་ཕྱུག་ཅིང་། རིམ་བཞིན་རང་ཉིད་ལས་ཀ་འདིར་དགའ་ཞེན་སྐྱེས་བྱུང”ཞེས་བཤད།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་། ལྷོ་ཁ་བ་མི་རབས་དང་མི་རབས་མང་པོས་ལོ་བཅུ་ཕྲག་རིང་ཉིན་གཅིག་ལྟར་ལས་ཀ་ཏན་ཏིག་སྒྲུབ་པའི་ལས་བཀུར་གྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་ལ་གསོན་ཉམས་དོད་པའི་འགྲེལ་བཤད་ཞིག་བརྒྱབ་ཡོད།
ལོ་མང་འབད་བརྩོན་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་ཤུར་གྱི་གོང་དཀར་ནས་ཟངས་རི་བར་གྱི་རིང་ཚད་ལ་སྤྱི་ལེ་160དང་། ཞེང་ཚད་ལ་སྤྱི་ལེ་1.8 རྒྱ་ཁྱོན་ལ་མུའུ་ཁྲི་50ལྷག་ཙམ་བཅས་ཟིན་པའི“ལྗང་མདོག་གི་ལྕགས་རི་རིང་པོ་ཞིག”བསྐྲུན་ཡོད། ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས“མིས་བཟོས་སྔོ་ལྗང་ཁྱིམ་གཞིས་ཀྱི”རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་ཡོད།
འདས་ཟིན་པའི་ལོ་5ཡི་རིང་། རིམ་རྩིས་བྱས་ན་ལྷོ་ཁ་གྲོང་ཁྱེར་གྱིས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་50.53དང་། རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་21.12 ནགས་གསོ་མུའུ་ཁྲི་32.92བཅས་བྱས་པ་དང་། ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་15ལག་ལེན་བསྟར་ཏེ་ས་ཆུ་ཤོར་ཁྱོན་སྟོང་སྨི་ངོས་གྲུ་451བཅོས་ནས་མུའུ་ཁྲི་76.8ལ་བྱེ་འགོག་བྱེ་བཅོས་བྱས་ཡོད།
དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མགྱོགས་མྱུར་བསྐྲུན་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ལྷོ་ཁའི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་། སྔོ་ལྗང་ཤིང་འཛུགས་དང་སྲུང་སྐྱོང་། སྐྱེ་ཁམས་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད།