བོད་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མའི་རི་མོའི་བརྩམས་ཆོས་འགྲེམས་སྟོན་སྐབས་དང་པོ་ལྷ་སར་གཉེར་བ།
འདི་ནི་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་སློབ་མས་རི་མོའི་འགྲེམས་སྟོན་ལ་ལྟ་བཞིན་པ།
འདི་ནི་ཟླ་4ཚེས་19ཉིན་པར་བླངས་པའི་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་ལོ་15ལ་སླེབས་པའི་རྣ་ཤེད་ཉམས་པའི་སློབ་མ་རྡོ་རྗེ་དགྲ་འདུལ་དང་ཁོང་གི་བརྩམས་ཆོས《གཅེན་པོའི་གཟུགས་བརྙན》ཡིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚེས་19ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་དང་བོད་ལྗོངས་མཛེས་རྩལ་ཁང་གིས་གཉེར་འགན་ཁུར་བའི“མི་ཚང་མར་རང་ཉིད་ཀྱི་མི་ཚེའི་ངོ་མཚར་གཏོད་པའི་གོ་སྐབས་ཡོད”ཅེས་པའི་བོད་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མའི་རི་མོའི་བརྩམས་ཆོས་འགྲེམས་སྟོན་སྐབས་དང་པོ་བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར་བ་དང་། དེའི་དམིགས་ཡུལ་ནི་མི་དེ་བས་མང་བས་དམིགས་བསལ་སློབ་གསོའི་རིན་ཐང་ཤེས་རྟོགས་ཐུབ་ནས་དམིགས་བསལ་བྱིས་པ་དེ་བས་མང་བར་སྒྱུ་རྩལ་གྱི་སྦྲེལ་ཟམ་བཏོད་དེ་རང་ཉིད་ཀྱི་འཇོན་ཐང་དང་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་པ་དང་ཆབས་ཅིག དམིགས་བསལ་སློབ་གསོའི་སློབ་མར་སྤེལ་རེས་དང་སློབ་སྦྱོང་གི་ལས་སྟེགས་ཤིག་ཀྱང་མཁོ་འདོན་བྱ་ཆེད་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནང་ཁྱོན་མི་400ལྷག་ཙམ་ཞུགས་པ་དང་། འགྲེམས་སྟོན་གྱི་དུས་ཡུན་ཟླ་5ཚེས་6ཉིན་བར་ཡིན་པ་རེད། འགྲེམས་སྟོན་རིང་། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གི་རི་མོའི་དགེ་རྒན་གྱིས་སློབ་མ་སྒྲིག་འཛུགས་བྱས་ནས། རིང་ཚད་སྨི་10ཡོད་པའི་རི་མོའི་ཤོག་དྲིལ་ཞིག་བྲིས་ནས་ད་ཐེངས་ཀྱི་བརྩམས་ཆོས་འགྲེམས་སྟོན་ལ་ལག་རྟགས་སུ་ཕུལ་ཡོད།
“དམིགས་བསལ་སློབ་གསོ་འཕེལ་རྒྱས་གཏོང་བ་ནི་དམིགས་བསལ་སློབ་མར་འབྲེལ་བ་ཡོད་པ་མ་ཟད་སྤྱི་ཚོགས་ཧྲིལ་པོ་དང་ཡང་འབྲེལ་བ་ཡོད་པ་ཞིག་ཡིན་པས། དམིགས་བསལ་སློབ་གསོ་ཁྱབ་གདལ་འགྲོ་བ་དང་བསྟུན་སྤྱི་ཚོགས་ཀྱིས་དམིགས་བསལ་ཚོགས་སྤྱི་བསྡུ་ལེན་བྱེད་ཚད་དང་ཤེས་རྟོགས་ཐུབ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས། དེ་ལྟར་བྱས་ཚེ་དེ་བས་བསྟུན་མཁས་དང་ཞི་མཐུན་གྱི་སྤྱི་ཚོགས་ཤིག་གཏོད་རྒྱུར་ཕན་པ་ཡོད་པས། དམིགས་བསལ་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་དེ་བས་མང་བ་ཐོབ་ནས་རང་ཉིད་ཀྱི་འཇོན་ཐང་མངོན་ཐུབ་པའི་རེ་བ་ཡོད”ཅེས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་ལྗོངས་སློབ་གསོ་ལྟ་སྐུལ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཚའེ་ཧྲོའེ་ཁོན་གྱིས་བཤད།