དབུ་ཤོག>པར་མཛོད།
  • ཁ་བ་ཅན་རུམ་འཐག་བཟོ་གྲྭའི་ལོ་30ཡི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཀྲའོ་གཡོད།   |     སྤེལ་དུས།  2024-04-24

    འདི་ནི་ཁ་བ་ཅན་རུམ་འཐག་བཟོ་གྲྭ་ནས་བཏགས་པའི“ཕོ་བྲང་པོ་ཏ་ལའི”རི་མོ་འཁོད་པའི་བོད་རུམ་ཡིན་པ།

    ཁ་བ་ཅན་རུམ་འཐག་བཟོ་གྲྭའི་འཐག་ཁང་དུ་སྐྱོད་སྐབས། ཚོན་མདོག་འདྲ་མིན་སྣ་ཚོགས་ཀྱི་སྤུན་དོག་རེ་རེ་འཐག་རྩལ་བྱང་ཆུབ་པའི་ལག་ཟུང་བརྒྱུད་ནས་མིག་ལ་མཛེས་པའི་བོད་རུམ་དུ་གྱུར་ལ། འདི་གར་ཨ་ཅག་ཚོས་ལོ་30ཡི་རིང་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་གྱི་བོད་བཟོའི་བསླས་འཐག་ལག་རྩལ་ལ་བརྟེན་ནས་བོད་རུམ་འཐག་བཞིན་འདུག

    རྒྱུན་མཐུད་སྐད་གྲགས་ཆེ་རུ་འགྲོ་བའི་ལྟ་སྐོར་བྱ་ཡུལ།

    2023ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་ནུབ་འདབས་སུ་གནས་པའི་ཁ་བ་ཅན་རུམ་འཐག་བཟོ་གྲྭར་ལྟ་སྐོར་བྱེད་པ་ནི་སྤྲོ་གསེང་གི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།

    ན་ནིང་གི་དབྱར་ཁ་ནས་ད་བར་སྔོན་མངགས་བྱས་ནས་རུམ་འཐག་བཟོ་གྲྭར་ལྟ་སྐོར་ལ་ཡོང་མཁན་གཙོ་བོ་རང་སྨྱན་སྦྱོར་གྱི་དཔོད་བདག་དང་། བོད་རུམ་རིག་གནས་ལ་དགའ་པོ་བྱེད་མཁན། མི་རིགས་རིག་གནས་ཞིབ་འཇུག་ཁ་ཕྱོགས་སུ་བྱེད་པའི་མཐོ་སློབ་ཀྱི་དགེ་སློབ་སོགས་ཡིན་པ་རེད། “སྔོན་མངགས་ཀྱི་བྱ་ཐབས་སྤྱོད་དོན་གཙོ་བོ་ནི་ཕྱོགས་གཉིས་པོར་དུས་ཚོད་འདང་ངེས་ཡོད་པར་བྱས་ནས་ལྟ་སྐོར་བ་ཚོར་ལྟ་སྐོར་གྱི་ཉམས་ལེན་ལྷོད་ལྷོད་ཅིག་ཡོང་ཆེད་ཡིན། སྤྱིར་བཏང་དབྱར་དུས་སུ་ཡོང་མཁན་མང་ཆེ་བ་ཡུལ་སྐོར་བ་ཡིན་པ་དང་། སྟོན་དགུན་གཉིས་སུ་གྲོང་མི་མང་ཚོགས་ཡོང་མཁན་མང་པོ་ཡོད། དཔྱིད་དུས་སུ་ཞིབ་འཇུག་པ་ཡོང་མཁན་ཅུང་མང་བ་ཡོད”ཅེས་བཟོ་གྲྭ་དེའི་འགན་འཁུར་བ་ཀྲེང་དབྱིས་བཤད།

    ད་ཆ་རུམ་འཐག་བཟོ་གྲྭ་དེ་རིམ་བཞིན་ལྷ་སའི་ལྟ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ལ། ལས་དོན་པས་ངོ་སྤྲོད་དང་རང་ཉིད་ཀྱིས་དངོས་སུ་ཉམས་ལེན་བྱས་པ་བརྒྱུད། ལྟ་སྐོར་བས་རི་མོ་དང་ཡི་གེ་སྦྲགས་མའི“ལྟ་སྐོར་མྱོང་ཚོར”དྲ་ཐོག་ཏུ་འགོད་པར་བྱེད་པ་དང་། དེར་ལྟ་མཁན་དང་དཔྱད་གཏམ་འགོད་མཁན་ཡང་མང་བ་རེད།

    ལོ་རྒྱུས་རིང་བའི་རུམ་འཐག་བཟོ་གྲྭ

    ཁ་བ་ཅན་རུམ་འཐག་བཟོ་གྲྭ་ནི་1994ལོའི་ཟླ་6ཚེས་1ཉིན་བཙུགས་པ་དང་ད་བར་ལོ་30སོང་ཡོད། ལོ་ཟླའི་རྗེས་ཤུལ་གསལ་བའི་ཤིང་གི་སྒོ་བྱང་ལས་སྒོ་རའི་འདས་སོང་གི་ལོ་རྒྱུས་བརྗོད་བཞིན་པ་དང་མཚུངས།

    སྒོ་རའི་ནང་སྐྱོད་སྐབས་ཐོག་སོ་གཉིས་ལྡན་གྱི་གྲོང་མིའི་ཤག་སྐོར་སྒོ་ར་གྲུ་བཞིའི་དཀྱིལ་དུ་བཏགས་མ་ཐག་པའི་ཁ་གདན་སྐམ་འདུག ལྷུག་པོར་བཞད་པའི་ཁམ་བུའི་མེ་ཏོག་ལས་སྒོ་རའི་གང་སར་དཔྱིད་ཀྱི་དྲི་ཞིམ་འཐུལ་འོང་། དེ་ནི་ཁ་བ་ཅན་རུམ་འཐག་བཟོ་གྲྭ་ཡིན་ལ་རུམ་འཐག་བཟོ་གྲྭའི་ལས་མི་ཚང་མའི་སྡོད་གནས་ཀྱང་ཡིན།

    2024ལོའི་ལོ་འགོར་བོད་ཀྱི་རིག་གནས་སྒྱུ་རྩལ་སྤུས་རྟགས“རོ་བཅུད”ཀྱིས་ཁ་བ་ཅན་རུམ་འཐག་བཟོ་གྲྭ་དང་ཉར་ཚགས་མཁས་ཅན་པ་ནོར་དང་མཉམ་དུ་གཉེར་བའི“གཡོ་འཁྱོམ་དང་ཚད་བརྒལ། དཔྱིད་གསར་དུས་ཆེན་གྱི་འབྲུག་རིས་བོད་རུམ་ཆེད་དོན་འགྲེམས་སྟོན”ཧྲང་ཧའེ་རུ་འགོ་ཚུགས་པ་རེད། དེ་ནི་བོད་རུམ་བཟོ་གྲྭའི་འཕོ་འགྱུར་གསར་པ་ཞིག་རེད་ཅེས་ཀྲེང་དབྱིས་བཤད།

    སྐྱིད་སྡུག་མཉམ་མྱོང་གི་རུམ་འཐག་དགེ་རྒན།

    བོད་ཀྱི་ས་གནས་ཀུན་ཏུ་བོད་རུམ་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། དེའི་ཁྲོད་ལྷ་ས་དང་རྒྱལ་རྩེའི་འཐག་རྩལ་གང་སར་སྐད་གྲགས་ཆོད་ཡོད། ཁ་བ་ཅན་རུམ་འཐག་བཟོ་གྲྭའི་འཐག་མཁན་མང་ཆེ་བ་ས་ཆ་དེ་གཉིས་ནས་ཡིན་ཞིང་། སྲོལ་རྒྱུན་གྱི་བོད་བཟོའི་བསླས་འཐག་ལག་རྩལ་སྤྱད་ནས་བོད་རུམ་འཐག་ཡུན་ལོ་20ལས་བརྒལ་བས་ཉམས་མྱོང་ཕུན་སུམ་ཚོགས་པོ་རེད།

    ད་ལོར་ལོ་55ལ་སླེབས་པའི་ཕུར་བུ་དོན་གྲུབ་ནི་རྒྱལ་རྩེ་རྫོང་གི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་ལོ་12ལ་སླེབས་སྐབས་ཁྱིམ་གྱི་ཆ་རྐྱེན་ཞན་པས་མུ་མཐུད་སློབ་གྲྭར་སྐྱོད་ཐབས་བྲལ། དེ་རྗེས་ཁོང་རྒྱལ་རྩེ་རུམ་འཐག་བཟོ་གྲྭར་བསླས་འཐག་ལག་རྩལ་སྦྱོང་བར་བསྐྱོད། ལོ་གསུམ་རིང་ཐོག་མའི་བསླས་འཐག་ལག་རྩལ་སྦྱངས་པ་དང་། ལོ་གཅིག་རིང་རི་མོ་འབྲི་སྟངས་སྦྱངས་ལ། ལོ་གཅིག་རིང་ཇེམ་ཙེ་རྒྱག་སྟངས་སྦྱངས། ལོ་ལྔ་སོང་རྗེས་ཁོང་རྒྱལ་རྩེ་རུམ་འཐག་བཟོ་གྲྭ་ནས་མཐར་ཕྱིན་རྗེས་ལྷ་སར་བོད་རུམ་བཏགས་ནས་འཚོ་བ་སྐྱེལ་འགོ་ཚུགས། 1993ལོར་ཁོང་གིས་ཁ་བ་ཅན་རུམ་འཐག་བཟོ་གྲྭ་འཛུགས་པའི་གྲ་སྒྲིག་ལས་ཀའི་འགན་འཁུར་བ་རེད། ཕུར་བུ་དོན་གྲུབ་ནི་ཁ་བ་ཅན་རུམ་འཐག་བཟོ་གྲྭའི་དགེ་རྒན་རྒན་གྲས་རེད་ཅེས་བརྗོད་ཆོག་ལ། ལོ་30ཡི་རིང་ཕུར་བུ་དོན་གྲུབ་སྒོ་ར་དེའི་ནང་བསྡད་པ་དང་ད་ཆ་སྔར་བཞིན་དེ་གར་བོད་རུམ་འཐག་གི་ཡོད།

    བོད་རུམ་ཚང་མར་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་རེ་ཡོད་པ།

    རུམ་འཐག་བཟོ་གྲྭའི་འགྲེམས་སྟོན་ཚོམས་ཆེན་དུ་ཕོ་བྲང་པོ་ཏ་ལའི་རི་མོའི་བོད་རུམ་ཞིག་བཀལ་འདུག “བོད་རུམ་དེ་བཀལ་ནས་ལོ་བཅུ་སོང་ཡང་དབྱིབས་ལ་འགྱུར་བ་མེད། དེ་ཐོག་ནས་སྤུས་ཀ་ཧ་ཅང་ཡག་པོ་མཚོན་གྱི་ཡོད”ཅེས་ཁ་བ་ཅན་རུམ་འཐག་བཟོ་གྲྭའི་ལས་དོན་པ་ཕེང་ཀྲི་ཧུང་གིས་དེ་ལྟར་བཤད།

    བོད་རུམ་དེ་བཟོ་གྲྭའི་ནང་གི་འཐག་མཁན་ཁ་ཤས་ཀྱིས་2014ལོར་མཉམ་དུ་བཏགས་པ་རེད། ངས་གསལ་པོ་དེ་འདྲ་ཤོད་ཐུབ་དོན་ནི་བོད་རུམ་ཚང་མར་ཨང་རྟགས་རེ་ཡོད་པ་དང་། ཆ་འཕྲིན་ནང་བཏགས་པའི་དུས་ཚོད་དང་། ཇུས་འགོད་གོ་རིམ་ཨང་གྲངས། ཚད་གཞི་སོགས་ཚུད་ཡོད། “ཕོ་བྲང་པོ་ཏ་ལའི”རི་མོ་འཁོད་པའི་བོད་རུམ་དེར་དཔེ་བཞག་ན། 2014ལོར་བཏགས་པའི་བོད་རུམ་ཨང་26པ་ཡིན་པ་དང་ཚད་གཞི་ནི་ལི་སྨི་250×183རེད་ཅེས་ཕུར་བུ་དོན་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད།

    འགྲེམས་སྟོན་ཚོམས་ཆེན་དུ་ལྟ་སྐོར་བས་ལོ་ངོ་ཉི་ཤུ་སུམ་ཅུ་ལྷག་ཙམ་སོང་བའི་བོད་རུམ་རྙིང་པར་མྱོང་རོལ་བྱེད་ཐུབ། དེ་སྔ་སྔོན་མངགས་ལྟ་སྐོར་བྱེད་རིང་ལྟ་སྐོར་བ་མི་ཉུང་བ་ཞིག་གིས་ཀྱང་བོད་རུམ་རྙིང་པ་དེ་དག་ལ་དགའ་པོ་ཆེན་པོ་བྱེད་ཀྱི་ཡོད། “ཉེ་བའི་ལོ་ཤས་རིང་བོད་རུམ་རྙིང་པ་ཉར་ཚགས་བྱེད་མཁན་རིམ་བཞིན་མང་དུ་ཕྱིན་པ་དང་། ཉར་ཚགས་པ་ཁག་གཅིག་གིས་ཆེད་མངགས་ལོ་ཟླའི་ཉམས་སྣང་ལྡན་པའི་བོད་རུམ་རྙིང་པ་ཉར་གྱི་ཡོད། གང་ལགས་ཤེ་ན། བོད་རུམ་རྙིང་པ་རེ་རེ་ནི་ཐུན་མོང་མིན་པའི་ལག་ཤེས་ཐོན་རྫས་རེ་རེ་ཡིན་པས་ཉར་ཚགས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ཡོད”ཅེས་ཀྲེང་དབྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།