དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཁྲེང་ཏུའི་ཁྲོམ་གཞུང་གི་སྒོར་གཞས་འདུ་ཚོགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-30

    འདི་ནི་སི་ཁྲོན་དཀར་མཛེས་ཀྲོའུ་སྡེ་དགེ་རྫོང་གི་དཀོན་མཆོག་དབང་མོས(མདུན་ངོས་ཀྱི་གཡས་ཀྱི་གཉིས་པ)ཁྲེང་ཏུའུ་ཅིན་ཝེ་ལྟེ་གནས་འགྲམ་གྱི་ཐང་ཆེན་དུ་ཞབས་བྲོ་འཁྲབ་བཞིན་ཡོད་ཅིང་། ཁོ་མོ་ནི“བྲོ་ར་ཁྲ་མོའི”ཁོངས་མི་ཡིན་པས། རྒྱུན་དུ་དྲ་ཐོག་ནས་སྒོར་གཞས་ངོ་སྤྲོད་བྱེད་ཀྱི་ཡོད།

    འདི་ནི་གཡུང་སྐྱིད(མདུན་གྱི་གཡས)དང་བཀྲ་ཤིས་ཚེ་རིང(མདུན་གྱི་གཡོན)གིས་ཁྲེང་ཏུའུ་ཅིན་ཝེ་ལྟེ་གནས་འགྲམ་གྱི་ཐང་ཆེན་དུ་སྒོར་གཞས་ཀྱི་གཞས་སྣེ་ཁྲིད་བཞིན་པ།

    1995ལོའི་རྗེས་སུ་སྐྱེས་པའི་བོད་རིགས་བུ་མོ་གཡུང་སྐྱིད་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཆུ་ཆེན་རྫོང་ནས་རེད། 2014ལོར་ཁོ་མོ་ཕ་ཡུལ་ནས་བྲལ་ཏེ་ཁྲེང་ཏུར་སློབ་གྲྭ་འགྲིམས། ཕྱིས་སུ་ཁྲེང་ཏུར་གཞིས་ཆགས་ནས་བུ་བཅོལ་ཁང་གི་དགེ་རྒན་བྱས། ཁོ་མོ་བོད་ཀྱི་སྲོལ་རྒྱུན་སྒོར་གཞས་འཁྲབ་པར་དགའ་པོ་ཡོད་མ་ཟད། ད་དུང་སྤྱི་ཚོགས་འབྲེལ་གཏུག་གི་ལས་སྟེགས་སུ་རང་གི་ཞབས་བྲོའི་བརྙན་ཐུང་མཉམ་སྤྱོད་ཀྱང་བྱེད་ཀྱི་ཡོད།

    2021ལོར་གཡུང་སྐྱིད་ཀྱིས་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སེར་ཤུལ་རྫོང་གི་བློ་བཟང་རང་གྲོལ་དང་དཀར་མཛེས་ཀྲོའུ་སྡེ་དགེ་རྫོང་གི་བཀྲ་ཤིས་ཚེ་རིང་དང་མཉམ་དུ“བྲོ་ར་ཁྲ་མོའི་སྒོར་གཞས་ཚོགས་པ”བཙུགས་ཤིང་། དངུལ་བསྡུས་ནས་ཤེལ་ཏོག་དང་སྒྲ་སྒམ་ཉོས་ཏེ་ཁྲེང་ཏུའི་ཅིན་ཝེ་ལྟེ་གནས་འགྲམ་གྱི་ཐང་ཆེན་དུ་དགའ་བའི་བྲོ་གར་འཁྲབ་ཀྱི་ཡོད།

    དྲ་སྦྲེལ་ནས་བརྒྱུད་སྤེལ་དང་མང་ཚོགས་ཀྱི་ངག་ཐོག་བརྒྱུད། ཁོང་ཚོའི་གླུ་གར་གྱི་བྱེད་སྒོར་སྐྱེ་བོ་མང་པོའི་དོ་ཁུར་ཐོབ་སྟེ་མང་ཤོས་སྐབས་མི་སྟོང་ཙམ་དེའི་ནང་ཞུགས་ཏེ། ཚང་མས་ཞབས་བྲོ་དང་རོལ་དབྱངས་ཀྱི་སྤྲོ་སྣང་ལ་མཉམ་དུ་མྱོང་རོལ་བྱེད་ཀྱི་ཡོད། ཁོང་ཚོའི་ཞབས་བྲོ་ལྟ་བར་དགའ་བའི་མི་མང་པོ་ཞིག་ཆེད་མངགས་པེ་ཅིང་དང་ཧྲང་ཧའེ་སོགས་དང་ཐ་ན་ལེ་དབར་ཁྲི་ཕྲག་གིས་ཆོད་པའི་ཕྱི་རྒྱལ་ནས་ཀྱང་ཡོང་གི་ཡོད།

    “སྒོར་གཞས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་པས་ཚང་མས་སྒོར་གཞས་ཀྱི་ཁྲོད་ནས་བོད་རིགས་སྤུན་ཟླའི་སྤྲོ་སེམས་དང་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”གཡུང་སྐྱིད་ཀྱིས་ངས་སྒོར་གཞས་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་རང་ཉིད་ཀྱི་བུ་བཅོལ་ཁང་གི་སློབ་ཁྲིད་ནང་འཇུག་ཐུབ་པའི་རེ་བ་འཆང་བཞིན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།