ལོ་ངོ་སྟོང་ཕྲག་འདས་གྱུར་ཀྱང་། གནའ་དཔེའི་དྲི་བསུང་ལྷང་ལྷང་འཐུལ།
རང་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོབ་ལས་དོན་གྱི་སྐོར་རགས་ཙམ་བཀོད་པ།
རང་ལྗོངས་སུ་བོད་ཡིག་གི་གནའ་དཔེ་གཙོ་བར་བྱས་པའི་ཡིག་རིགས་མང་པོའི་གནའ་དཔེ་འབོར་ཆེན་ཞིག་ཉར་ཚགས་བྱས་ཡོད་པ་དེ་དག་ནི་ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་པོའི་ལོ་རྒྱུས་རིག་གནས་ཀྱི་དཔང་རྟགས་ཤིག་དང་ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྩ་ཆེའི་ཤུལ་བཞག་ཅིག་ཡིན། རྒྱལ་ཡོངས་སུ་ཉར་ཚགས་བྱས་པའི་བོད་ཡིག་གི་གནའ་དཔེ་བསྡོམས་བམ་པོ་ཁྲི་བརྒྱ་ཡན་ཟིན་ཞིང་། དེའི་ནང་ནས་གསུམ་ཆ་གཉིས་ཙམ་བོད་རང་སྐྱོང་ལྗོངས་སུ་ཉར་ཚགས་བྱས་ཡོད་པ་དང་། དེ་དག་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཡོངས་བཤེར་དང་། འཆར་གཞི་ལྡན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ནི་འབྲེལ་ཡོད་ཚན་པའི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། འདི་ནི་ཉི་ཤར(གཡོན་གྱི་གཉིས་པ)ནོར་བུ་གླིང་ཁའི་གནའ་དཔེ་ཡོངས་བཤེར་ལས་དོན་ལ་ཞུགས་པ།
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་པས་གནའ་དཔེའི་ནང་དོན་ལ་ཞུས་དག་གཏོང་བཞིན་པ།
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་པས་གནའ་དཔེ་ཉམས་གསོ་བྱེད་བཞིན་པ།
ཧྥུའུ་ཏན་སློབ་ཆེན་དཔེ་མཛོད་ཁང་གི་ཀྲུང་ཧྭ་གནའ་དཔེ་སྲུང་སྐྱོབ་ཞིབ་འཇུག་ཁང་གི་དགེ་སློབ་ཚོས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ལོ་རྒྱུས་རིག་གནས་སྒྲིག་གཤོམ་ཁང་དུ་ས་གནས་དེ་གའི་རྡོ་བརྐོས་པར་སློག་རྒྱག་བཞིན་པ།
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་པས་གནའ་དཔེར་གཙང་སྦྲ་བྱེད་བཞིན་པ།
“དཔེ་ཆ་འགྲེམས་སྟོན་བྱེད་སྒོ་སྤེལ་བ་བརྒྱུད་ཀློག་པ་པོས་ཉེ་འགྲམ་གྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་ཐད་ཀར་ཤེས་རྟོགས་དང་གནའ་དཔེ་ཡོངས་བཤེར་སྲུང་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་ཐུབ་པ་མ་ཟད། གནའ་དཔེའི་རིག་གནས་ནང་དོན་ཁྱབ་སྤེལ་ཐུབ་ཀྱི་ཡོད”ཅེས་ཟླ་9ཚེས་1ཉིན་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་སུ་2023ལོའི་ཀྲུང་ཧྭའི་སྲོལ་རྒྱུན་གྱི་དཔེ་ཆ་འགྲེམས་སྟོན་བྱེད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་གནའ་དཔེ་ལྟེ་གནས་ཀྱི་འགན་འཁུར་བ་སྤེན་པ་ཚེ་རིང་གིས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།
རིག་གནས་དར་ཡུལ་དང་འཕེལ་རྒྱས་གཏོང་ཡུལ་ཞིག་ཡིན་པའི་བོད་ཀྱིས་བོད་ཡིག་གི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་མང་པོ་ཉར་ཚགས་བྱས་ཡོད་པ་མ་ཟད། དེ་དག་སྤྱི་ལེ་ངོས་གྲུ་ཁྲི་122.84ཟིན་པའི་དགོན་སྡེ་དང་ལྷ་ཁང་ཁྲི་སྟོང་མང་པོ་དང་དམངས་ཁྲོད་དུ་ཉར་ཚགས་བྱས་ཡོད་པ་དང་། ཡོངས་བཤེར་མ་བྱས་པའི་ཚན་པ་ཁྱབ་རྒྱ་ཆེ་བ་དང་གྲངས་འབོར་མང་བ་ནི་དེ་བས་སྨོས་ཅི་དགོས།
དུས་ཡུན་རིང་པོ་སོང་བ་དང་སྲུང་སྐྱོབ་བྱེད་སྟངས་འཚམ་པོ་མ་བྱུང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས། བོད་ཡིག་གི་རྩ་ཆེའི་ཚད་ལྡན་ཡིག་ཆ་མང་པོ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་རང་ལྗོངས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་ལ་མཐོང་ཆེན་པོ་གནང་གི་ཡོད། 2011ལོར་རང་སྐྱོང་ལྗོངས་རིག་གནས་ཐིང་གིས“བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས”བཙུགས་ཏེ་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་དོ་དམ་བྱེད་རྒྱུར་རྩིས་སྤྲད་ཅིང་། བྱེད་ཐབས་འདི་ནི་སྐབས་དེའི་རྒྱལ་ཡོངས་ཀྱི་གནའ་དཔེ་སྲུང་སྐྱོབ་ལས་དོན་གྱི་ཆེད་དོན་སྒྲིག་གཞི་ཚང་མ་ཞིང་ཆེན་རིམ་པའི་སྤྱི་པའི་དཔེ་མཛོད་ཁང་དུ་བཙུགས་པའི་བྱེད་ཐབས་དང་མཐུན་ཡོད།
ཡོངས་བཤེར་ནི་གནའ་དཔེ་སྲུང་སྐྱོབ་ཀྱི་གནས་ཚུལ་མཐིལ་རྟོགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། “ཕྱོགས་གཅིག་ནས་ཡོངས་བཤེར་དང་ཕྱོགས་གཞན་ཞིག་ནས་སྲུང་སྐྱོབ་བྱེད་པའི”རྩ་དོན་གཞིར་བཟུང་། གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། 2022ལོའི་ལོ་མཇུག་བར་རང་ལྗོངས་ཀྱིས་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཉར་ཚགས་ཚན་པ་དང་མི་སྒེར་1160ལྷག་ཙམ་གྱི་གནའ་དཔེར་ཡོངས་བཤེར་ཐོ་འགོད་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་། ཡོངས་བཤེར་གྱི་བསྡོམས་འབོར་བམ་པོ་ཁྲི་1.8ལྷག་ཙམ་ཟིན་པ་དང་པར་གཞི་པར་རྒྱག་གི་དཔེ་དབྱིབས་ཁྲི་9ལྷག་ཙམ་བཟོས་པ། གནའ་དཔེ་བམ་པོ་305《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》ལ་ཚུད་པ་རེད། གཞན་ཡང་། བོད་ལྗོངས་རྟེན་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ། བོད་ལྗོངས་ཡིག་ཚགས་ཅུས(ཁང) ནོར་བུ་གླིང་ཁ་དོ་དམ་ཁྲུའུ་བཅས་གནའ་དཔེ་ཉར་ཚགས་ཚན་པ་བཞི“རྒྱལ་ཡོངས་ཀྱི་གནའ་དཔེ་སྲུང་སྐྱོབ་གཙོ་གནད་ཚན་པའི”གྲས་སུ་ཚུད་པ་རེད།
2015ལོ་ནས་བཟུང་། སྦྱོང་བརྡར་སྤྲས་པའི་བོད་ཀྱི་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་པ་བོད་ཀྱི་གནའ་དཔེ་ཉམས་གསོའི་ལས་དོན་ལ་ཧུར་ཐག་ཞུགས་ནས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མང་རྭ་དགོན་དང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བྱ་ཡུལ་ཤང་བྱམས་ཆེན་གྲོང་ཚོའི་པད་དཀར་དགོན་གྱི་ཉམས་ཆག་ཤོར་བའི་གནའ་དཔེ་ཉམས་གསོའི་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། ཉམས་ཆག་ཤོར་བའི་གནའ་དཔེ་ཤོག་ལྷེ་7000ལྷག་ཙམ་ལ་ཉམས་གསོ་བྱས་ནས་སྲོལ་རྒྱུན་གྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སླར་ཡང་བེད་སྤྱོད་དང་སྔོན་མ་ལྟར་སྲུང་སྐྱོབ་སྔར་བས་ཡག་པོ་ཐུབ་པར་འགན་ལེན་ནུས་ལྡན་བྱས་པ་རེད།
གནའ་དཔེ་སྲུང་སྐྱོབ་དང་ཉམས་གསོའི་ཤེས་ལྡན་པའི་དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་ཆེད། རང་ལྗོངས་ཀྱིས་དུས་ངེས་མེད་དུ་ལྗོངས་ཡོངས་ཀྱི་གནའ་དཔེ་ཉམས་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལྗོངས་ཡོངས་ཀྱི་གནའ་དཔེ་ཉར་ཚགས་བྱེད་མང་བའི་ཚན་པ(དགོན་སྡེ)དང་། ས་ཁུལ་དང་གྲོང་ཁྱེར། རྫོང་གི་རིམ་པ་དང་པོའི་རིག་གནས་དང་རིག་དངོས་སྡེ་ཚན་བཅས་ཀྱི་འབྲེལ་ཡོད་ལས་དོན་པ་བསྐོངས་ནས། རྒྱལ་ནང་གི་ཉམས་གསོའི་དགེ་རྒན་གྲགས་ཅན་གདན་དྲངས་ནས་གསོ་སྦྱོང་འཛིན་གྲྭར་མཛུབ་ཁྲིད་བྱས་ཏེ། བོད་ཡིག་གི་གནའ་དཔེ་ཉམས་གསོའི་འདུ་ཤེས་དང་ལག་རྩལ་གཞི་རིམ་གྱི་འཐབ་ས་དང་པོར་ཁྱབ་སྤེལ་ཤུགས་ཆེན་བཏང་བ་དང་ཆབས་ཅིག སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་གནའ་དཔེ་སྲུང་སྐྱོབ་བྱ་གཞག་ལ་ཞུགས་ཐུབ་པར་བྱས།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་གནའ་དཔེ“ཉར་ཚགས”དང“བཀོལ་སྤྱོད”དོ་སྙོམས་ཡོང་བར་བྱ་ཆེད། ཚན་རྩལ་གྱི་བྱ་ཐབས་ལ་བརྟེན་ནས་གནའ་དཔེའི་གྲངས་གཞི་བཟོས་པ་དང་ཚན་རྩལ་ལ་བརྟེན་ནས་གནའ་དཔེ་སྲུང་སྐྱོབ་བྱ་གཞག་ལ་སྒུལ་ནུས་སྦྱིན་པ་མ་ཟད། གནའ་དཔེའི་ལོ་རྒྱུས་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ་གནའ་དཔེའི་ཤེས་བྱ་ཁྱབ་གདལ་དང་བརྒྱུད་བསྒྲགས་ཡག་པོ་བྱས་ནས་དུས་རབས་གསར་པར་ཀྲུང་ཧྭའི་གནའ་དཔེ་བརྒྱུད་སྤེལ་བྱེད་ཤུགས་ཆེ་རུ་དང་གསོན་ཤུགས་འཕེལ་བར་བྱས་ཡོད།
2017ལོར་བོད་ཀྱི་གནའ་དཔེ་ལྟེ་གནས་ཀྱིས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི“ཁང་དུ་ཉར་ཚགས་བྱས་པའི་རྩ་ཆེའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་གྱི་འཛུགས་སྐྲུན་རྣམ་གྲངས”དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཏེ། བམ་པོ་578དང་ཤོག་ལྷེ་ཁྲི་4ཙམ་ཟིན་པའི་ཁང་དུ་ཉར་ཚགས་བྱས་པའི་རྩ་ཆེའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་གྲངས་གཞི་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། མུ་མཐུད་རྒྱ་ཆེའི་ཀློག་པ་པོར་སྤ་སེ་མི་དགོས་པར་སྒོ་མོ་འབྱེད་རྩིས་ཡོད་པ་རེད།
སྤེན་པ་ཚེ་རིང་གིས“ང་ཚོས་ངེས་པར་དུ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《དུས་རབས་གསར་པའི་གནའ་དཔེའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གཞིགས་ཏེ། ཤུགས་རྐྱེན་ཆེན་པོ་ལྡན་པའི་གནའ་དཔེ་དཔར་འདེབས་དང་དཔེ་སྐྲུན་གྱི་རྣམ་གྲངས་ཁག་གཅིག་ལེགས་སྒྲུབ་བྱེད་པ་དང་། བོད་ཡིག་གི་གནའ་དཔེའི་གཞི་རྩའི་གྲངས་གཞིའི་མཛོད་འཐུས་སྒོ་ཚང་དུ་གཏོང་བ། གནའ་དཔེ་སྲུང་སྐྱོབ་ཀྱི་ཤེས་ལྡན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ། མེས་རྒྱལ་གྱི་རྩ་ཆེའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འཕེལ་རྒྱས་ཡག་པོ་ཧུར་ཐག་གཏོང་བ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ནས་དེང་རབས་ཀྱི་ཤེས་དཔལ་སྲོལ་གཏོད་ལ་རང་ནུས་གང་ཡོད་འདོན་གྱི་ཡིན”ཞེས་བཤད་པ་རེད།