གཞིས་རྩེ་གྲོང་ཁྱེར་གྱི་གྲོང་སྐོར་རྐང་འཁོར་འགྲན་བསྡུར་མཇུག་འགྲིལ་བ།
ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མ་རིག་གནས་གསར་གཏོད་གླིང་དུ་2023ལོའི་གཞིས་རྩེ་གྲོང་ཁྱེར་གྱི་སྐབས་གཉིས་པའི“ཇོ་མོ་གླང་མ་བུམ་པའི”གྲོང་སྐོར་རྐང་འཁོར་འགྲན་བསྡུར་དང“ཇོ་མོ་གླང་མའི་གཞོན་ནུའི”རྐང་འཁོར་འགྲན་བསྡུར་བྱེད་སྒོ་མཇུག་འགྲིལ་བ་རེད། ལྗོངས་ཕྱི་ནང་ནས་ཡོང་བའི་རྐང་འཁོར་བདམས་ཐོན་པ་དང་དེ་བཞིན་རྐང་འཁོར་བཞོན་རྒྱུར་དགའ་པོ་ཡོད་མཁན་ཁྱོན་མི་100ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་ནི་གཞིས་རྩེ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་དང་གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་རེད། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་བོད་ལྗོངས་གཡག་རྐང་འཁོར་རུ་ཁག་གི་རྒྱལ་མཚན་ནོར་བུར་སྐྱེས་པའི་ཕུལ་བྱུང་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། ལྷ་ས་རུ་མི་རྙིང་པའི་རྐང་འཁོར་རུ་ཁག་གི་ལི་ཞུའེ་ཆང་དང་བོད་ལྗོངས་གཡག་རྐང་འཁོར་རུ་ཁག་གི་བཀྲ་དོན་ལ་ཨང་གཉིས་པ་དང་ཨང་གསུམ་པ་སོ་སོར་ཐོབ་པ་རེད། ལྷ་ས་རུ་མི་རྙིང་པ་རྐང་འཁོར་རུ་ཁག་གི་པད་མ་གཡང་སྐྱིད་ལ་བུད་མེད་ཀྱི་ཕུལ་བྱུང་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། མི་སྒེར་གྱི་མིང་ཐོག་ནས་འགྲན་བསྡུར་ལ་ཞུགས་མཁན་ཀྲང་ཅུན་ལན་དང་གཞིས་རྩེ་ཇོ་མོ་གླང་མ་རྐང་འཁོར་རུ་ཁག་གི་སུའུ་གཡོད་ལ་བུད་མེད་ཀྱི་ཕུལ་བྱུང་ཚོགས་ཆུང་གི་ཨང་གཉིས་པ་དང་ཨང་གསུམ་པ་སོ་སོར་ཐོབ་པ་རེད། འདི་ནི་འགྲན་ཞུགས་བདམས་ཐོན་པ་རྣམས་ཇོ་མོ་གླང་མ་ཟློས་གར་ཁང་ཆེ་མོའི་མདུན་དུ་འགྲན་བསྡུར་བྱེད་བཞིན་པ།