གནའ་གྲོང་མཚན་མོའི་དཔལ་འབྱོར་གོང་དུ་སྤེལ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཡོང་བར་གཞོལ།
ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཡིས་ལྷ་སའི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པའི་སྐོར་བཀོད་པ།
ཟློས་གར་ལྟ་བར་འགྲོ་བཞིན་པའི་གཟིགས་མོ་བ་ཡིན་པ།
འཁྲབ་སྟོན་བྱ་ཡུལ་ཡིན་པ།
དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱེད་བཞིན་པ།
ས་གནས་དེ་གའི་གྲོང་མིས་བདེ་སྐྱིད་བོད་ཁྱིམ་དུ་ཞོར་ལས་བྱེད་བཞིན་པ།
དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་ལ་ཞུགས་མཁན་གྱི་ས་གནས་དེ་གའི་གྲོང་མི།
ཟློས་གར་ནང་ཕོ་བྲང་པོ་ཏ་ལ་བསྐྱར་བཞེངས་སྐབས་ཀྱི་རྣམ་པ་བསྐྱར་དུ་མཚོན་བཞིན་པ།
ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ནི་ཡུས་ཧྲང་ཧོ་མེ་ཚོགས་པ་དང་ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པས་མཉམ་དུ་སྒྲིག་བཟོ་བྱས་པ་ཞིག་རེད། བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་གཙོ་གནད་རིག་གནས་ཐོན་ལས་རྣམ་གྲངས་ཡིན་པའི་ཟློས་གར་དེ་ནི་འུན་ཤིང་ཀོང་ཇོ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས་པའི་ལོ་རྒྱུས་བརྗོད་དོན་གཙོ་བོ་དང་། ཁོང་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་གཙོ་རྐང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་དོན་བཅས་བྱས་ནས་བརྩམས་པའི་སྲོལ་རྒྱུན་རིག་གནས་ཀྱི་འཁྲབ་ཚན་རྩེ་གྲ་ཞིག་ཡིན་ཞིང་། ཟློས་གར་དང་། རོལ་དབྱངས། ཞབས་བྲོ། དེང་རབས་ཞབས་བྲོ་བཅས་གཅིག་ཏུ་འདུས་ཤིང་། མངོན་མིན་རིག་གནས་ཤུལ་བཞག་ཁག་བཅུ་ལྷག་ཙམ་ཚུད་པའི་བོད་ཀྱི་མི་རིགས་མང་པོའི་རིག་གནས་དང་། མི་རིགས་ཀྱི་གོམས་སྲོལ། རང་བྱུང་མཛེས་ལྗོངས་བཅས་གཏིང་ཟབ་མངོན་པར་བྱས་ཡོད།
2023ལོ་ནི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ》འཁྲབ་སྟོན་གྱི་དུས་ཚིགས་བཅུ་གཅིག་པར་སླེབས་ཤིང་། རིམ་རྩིས་བྱས་ན། འཁྲབ་སྟོན་ཐེངས་1800ལྷག་ཙམ་བྱས་པ་མ་ཟད། འཁྲབ་སྟོན་དང་ཡུལ་སྐོར་གྱི་ལེ་ལག་ཚང་བས་རིམ་རྩིས་བྱས་ན་ལྟད་མོ་བ་མི་ཐེངས་ཁྲི་400ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
གནའ་གྲོང་གི་སྣ་མང་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱས་པ།
ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་། ཚེ་མཆོག་གླིང་བོད་ཀྱི་སྒོ་རའི་ཁྱད་ལྡན་ཁྲོམ་གཞུང་། འུན་ཤིང་ཀོང་ཇོ་རིག་གནས་ཡུལ་སྐོར་བརྗོད་དོན་གཙོ་བོའི་གླིང་བཅས་ཀྱི་ཐུན་མོང་སྐུལ་ཁྲིད་འོག“ཟློས་གར་གཅིག ཁྲོམ་གཞུང་གཅིག གླིང་ཁུལ་གཅིག”བཅས་ཕྱོགས་གསུམ་གཞི་གཅིག་གི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏོང་སྟངས་འཛུགས་སྐྱོང་བྱས་པ་དང་། རྣམ་གྲངས་ཀྱི་ཕྱོགས་བསྡུས་ཁྱབ་འགྱེད་ལས་ཉེ་འཁོར་ས་ཁོངས་ཀྱི་སྒོར་དུང་ཕྱུར་100བརྒལ་བའི་ཐོན་ལས་ཀྱི་གཞི་ཁྱོན་ལ་སྐུལ་ཁྲིད་བྱས་ཡོད། ད་ཆ་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》བལྟ་བ་དེ་བོད་དུ་ཡོང་མཁན་ཡུལ་སྐོར་བའི་ལྟད་མོའི་རྣམ་གྲངས་གཙོ་བོར་གྱུར་ཡོད།
ལྷ་སའི་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ།《འུན་ཤིང་ཀོང་ཇོའི》རྣམ་གྲངས་ཀྱིས་མཚན་མོའི་འཁྲབ་སྟོན་ཡུལ་སྐོར་ལ་སྐུལ་འདེད་བཏང་བ་དང་ས་གནས་ཁག་ཏུ་མཚན་མོའི་དཔལ་འབྱོར་གྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱས་ནས། སྤུས་ཚད་དང་ནང་དོན་ཟབ་མོ་ལྡན་པའི་མཚན་མོའི་ཉམས་ལེན་ལས་རྣམ་གསར་པ་དེ་བས་མང་བ་ལྷ་སར་གཉེར་བ་དང་། བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཨར་ཁང་རིག་གནས་དང་། ཚོན་སྒྲོན་རིག་གནས། གླུ་གར་རིག་གནས། སོས་དལ་རིག་གནས་སོགས་ཆགས་པར་བྱས་ཏེ། ལྷ་སའི་མཚན་ཁྲོམ་དང་མཚན་མོའི་འཛད་སྤྱོད་དངོས་སུ་འཁྲུག་ཆ་དོད་དུ་བཏང་ནས། ལྷ་སའི་རིག་གནས་ཡུལ་སྐོར་ཉམས་ལེན་གཏིང་ཟབ་དང་མཚན་མོའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་ཁར། ལྷ་ས་དང་ཐ་ན་ལྗོངས་ཡོངས་ཀྱི་མཚན་མོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་ཡང་རམ་འདེགས་བྱས་པ་རེད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ།
《འུན་ཤིང་ཀོང་ཇོའི》རྣམ་གྲངས་དོན་འཁྱོལ་བྱས་ཚུན། ཐོག་མཐའ་བར་གསུམ་དུ“ཚེ་མཆོག་གླིང་གྲོང་ཚོའི་གྲོང་མིའི་ལས་ཞུགས་སྔོན་ལ་ཐག་གཅོད་དང་ཉེ་འཁོར་གྱི་གྲོང་མི་འཁྲབ་སྟོན་ནང་ཞུགས་པར་ལྟ་རྟོག་བྱེད་པ”འགོ་འཛུགས་སར་བྱས་ནས། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཨར་སྐྲུན་བཟོ་པ་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་མི་སྣ་བསྡུ་བ་དང་། གྲོང་མིའི་སྐྱེལ་འདྲེན་རླངས་འཁོར་གླས་པ། གྲོང་མིའི་སྡོད་ཁང་གླས་པ་སོགས་ཀྱི་ཐབས་ལམ་བརྒྱུད་གྲོང་ཚོ་ཡོངས་ལ་ཡོང་འབབ་སྒོར་ཁྲི་5000གཏོད་རོགས་བྱས་ཡོད། འཁྲབ་སྟོན་ཐེངས་དང་པོ་བྱས་ཚུན། ཟློས་གར་གྱི་90%ཡན་གྱི་འཁྲབ་སྟོན་པ་ཚང་མ་ས་གནས་དེ་གའི་བོད་རིགས་ཞིང་འབྲོག་མང་ཚོགས་ཡིན་པ་དང་། འཁྲབ་སྟོན་པ་བསྡུ་བ་ཁོ་ནས་ས་གནས་དེ་གའི་མང་ཚོགས་800ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་ཐུབ་ནས་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་3000ནས་4000བར་མང་དུ་ཕྱིན་ཡོད།
དེ་ཙམ་མ་ཟད། 《འུན་ཤིང་ཀོང་ཇོའི》རྣམ་གྲངས་ཀྱིས་ད་དུང་རིག་གནས་ཡུལ་སྐོར་གྱི་ཐོན་ལས་མ་ལག་ཆ་ཚང་བཏོད་པས། ས་ཁོངས་ཀྱི་ཉེ་འཁོར་དུ་རྒྱུ་རྐྱེན་སྣ་ཚོགས་འཛོམས་པའི་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་ཆས་གྲུབ་པ་དང་། ཉེ་འཁོར་གྱི་གྲོང་མིས་རང་འགུལ་ངང་ཡུལ་སྐོར་ཞབས་ཞུའི་གཉེར་སྐྱོང་ནང་ཞུགས་པར་སྐུལ་མ་ཐེབས་ཡོད། གྲོང་མིས་འཁྲབ་སྟོན་ནང་ཞུགས་པ་ཕུད། ད་དུང་ཞབས་ཞུ་སྣེ་ལེན་དང་། བདེ་སྲུང་གཙང་སྦྲ། སྲིད་འཛིན་དང་རྒྱབ་ཕྱོགས་མཁོ་སྒྲུབ། འགྲུལ་ཁང་དང་ཟ་ཁང་། ཞིང་ཞོར་ཐོན་རྫས་བྲིན་ཚོང་སོགས་ཐབས་ལམ་མང་པོར་བརྟེན་ནས་ལས་གཏོད་དང་ལས་ཞུགས་ཆོག་པས། ཞིང་ལས་ཀྱི་ཡོང་འབབ་རྐྱང་པ་ནས་ཞབས་ཞུའི་ལས་རིགས་ཀྱི་ཡོང་འབབ་སྣ་ཚོགས་གསོག་པའི་བར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།
གྲོང་གསེབ་ཀྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ།
2012ལོར《འུན་ཤིང་ཀོང་ཇོའི》རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་གྲངས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་ལ་སྐུལ་འདེད་བཏང་ཞིང་། མཉམ་གནས་དང་། མཉམ་སྤྱོད། མཉམ་གཏོད་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་སྐྱེ་ཁམས་མ་ལག་བསྐྲུན་པ་བརྒྱུད། ཚེ་མཆོག་གླིང་དང་དེའི་ཉེ་འཁོར་གྱི་གྲོང་མི་ཁག་གཅིག་གིས་འགྲིམ་འགྲུལ་སྦྲེལ་མཐུད་དང་། ཡུལ་སྐོར་ཚོང་ཟོག དམངས་སྲོལ་གནས་ཚང་སོགས་ཀྱི་གཉེར་སྐྱོང་བྱེད་སྒོ་སྤེལ་བར་སྐུལ་ཁྲིད་ཐུབ་ནས། “ལས་རིགས་ཧྲིལ་པོ་དང་དམངས་ཡོངས”ཀྱི་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་ཡོད།
ད་ཆ་ཚེ་མཆོག་གླིང་གྲོང་ཚོའི་གྲོང་མི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་ལོ་བཅུ་ལྷག་ཙམ་གོང་གི་སྒོར་5000ནས་ད་ཆའི་སྒོར་ཁྲི་2ལྷག་ཙམ་བར་མང་དུ་ཕྱིན་ཡོད། ཚེ་མཆོག་གླིང་གྲོང་ཚོ་ཡང་དཔེ་མཚོན་གྱི་གྲོང་ཚོ་དབུལ་པོ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་གྱུར་ཞིང་། 2018ལོར་ད་དུང་མལ་གྲོ་གུང་དཀར་རྫོང་ནས་སྤོས་པའི་དུད་ཚང་213གྱི་མང་ཚོགས་828བདེ་བླག་ངང་བསྡུ་ལེན་བྱས་པ་མ་ཟད། འཚོ་བའི་ཐད་དཀའ་ངལ་ཡོད་པའི་མང་ཚོགས་དེ་དག་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་བྱས་ནས་བདེ་སྡོད་ལས་བརྩོན་གྱི་འཚོ་བ་གསར་པ་བཏོད་ཡོད།