དབུ་ཤོག>པར་མཛོད།
  • ཆུ་ཚན་ཚ་སོབ་སོབ། དངུལ་ཁུག་ལྗིད་ཏིག་ཏིག

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོས་ཕྱུག་འགྱུར་ལམ་དུ་སྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བསོད་ནམས་དབང་འདུས། བདེ་སྐྱིད་བུ་ཁྲིད། བདེ་ཆེན་དགྲ་འདུལ། ཚེ་བརྟན་རྡོ་རྗེ།   |     སྤེལ་དུས།  2023-09-28

    གསོན་ཤུགས་ཀྱིས་ཁེངས་པའི་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོ།

    འདི་ནི་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་ཡིན་པ།

    འདི་ནི་བློ་བཟང་ནོར་བུས་ཁྱིམ་ཚང་མགྲོན་ཁང་ལ་གཙང་སྦྲ་བྱེད་བཞིན་པ།

    འདི་ནི་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོའི་བུད་མེད་དྲོ་སྐྱིད་ཇ་ཁང་ཡིན་པ།

    འདི་ནི་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོའི་ཆུ་ཚན་ཡིན་པ།

    ཡར་ཀླུང་གཙང་པོའི་བར་རྒྱུད་ཁུལ་དུ་ཆགས་པའི་ཟངས་རི་རྫོང་དུ་སླེབས་ཚེ། གངས་རིའི་ཅོད་པན་དུ་གྲགས་པའི་འོ་དེ་གུང་རྒྱལ་དང་། ཡངས་ཤིང་རྒྱ་ཆེ་བའི་ཀུན་བདེ་གླིང་རྩྭ་ར། ལྷག་པར་དུ་རྫིང་ཕྱི་ཤང་གི་འོལ་ཁ་ཆུ་ཚན་ལ་སོགས་པའི་རང་བྱུང་གི་མཛེས་ལྗོངས་མང་དག་ཅིག་གིས་ཡིད་ཀྱི་བསྟན་པ་མི་འཕྲོག་ག་ལ་སྲིད།

    བོད་ཟླ་བརྒྱད་པར་སྐར་མ་རྀ་ཥི་འཆར་བའི་དུས་སུ་མི་རྣམས་ཀྱིས་སྟོན་ཆུ་བརྒལ་བའི་དུས་ཚོད་ཡག་ཤོས་ཤིག་ལ་བརྩི་བཞིན་ཡོད་ལ། ལྷག་པར་དུ་སྟོན་ཆུ་བཟང་ཞེས་སྟོན་ཁ་ཆུ་ཚན་ལ་ཞུགས་ནས་ནད་གཞི་བཅོས་པའི་གོམས་སྲོལ་ཞིག་ཀྱང་འཇགས་ཡོད་པས། ད་ལོ་ཡང་སྔར་རྒྱུན་བཞིན་འོལ་ཁ་ཆུ་ཚན་གནས་སའི་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོའི་ཡུལ་མི་རྣམས་སླར་ཡང་བྲེལ་བ་ཚུགས།

    ངེད་བཅར་འདྲི་ཚོགས་ཆུང་ལོ་བཞིའི་སྔོན་དུ་འོལ་ཁ་ཆུ་ཚན་གནས་སའི་ཞོལ་པ་གྲོང་ཚོར་སླེབས་མྱོང་། འོན་ཀྱང་ད་ཐེངས་སླར་ཡང་གྲོང་ཚོ་དེར་སླེབས་དུས། སྔོན་དང་མི་འདྲ་བའི་འཕོ་འགྱུར་ཆེན་པོ་བྱུང་བ་མཐོང་ཚོར་བྱུང་བས། གྲོང་ཚོ་དེས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་བློ་སྤོབས་ཆེར་སྐྱེད་ཀྱིས་མདུན་སྐྱོད་ཇི་ལྟར་བྱེད་མིན་དང་གྲོང་ཚོ་དེའི་ཕྱུག་འགྱུར་གྱི་གསང་བའི་ལྡེ་མིག་དེ་ཡང་སྙིང་གང་ཡིན་མིན་ཐད་བཙལ་འཚོལ་གྱི་བཅར་འདྲི་བྱས་པ་ཡིན།

    ལྡེ་མིག་དང་པོ། གྲོང་ཚོའི་དམིགས་བསལ་ཁྱད་ཆོས་རྙེད། ཆུ་ཚན་བདག་སྐྱོང་ལེགས་པར་བྱས།

    དེང་གི་དུས་སུ་ཡུལ་སྐོར་བ་མང་དག་ཅིག་ནི་གྲོང་ཁྱེར་གྱི་འདུ་འཛི་དང་རྒྱང་དུ་གྱེས་ནས་ཁུ་སིམ་གྱི་རང་བྱུང་ཁམས་ཀྱི་མཛེས་པ་ལོངས་སུ་སྤྱོད་པའི་དམིགས་ཡུལ་ཁོ་ན་ཙམ་མ་ཡིན་པར་ཡུལ་དེ་གའི་རིག་གནས་ལ་ཤེས་རྟོགས་དང་མྱོང་རོལ་བྱེད་པའི་བསམ་པའང་ཆེན་པོ་ཡོད་པ་རེད།

    རང་ལྗོངས་སུ་རང་བྱུང་གི་ཆུ་ཚན་མང་པོ་ཡོད་ཅིང་། དེ་དག་ནང་མུ་ཟི་དང་། ཅོང་ཞི། བྲག་ཞུན། རྡོ་ཞོ། བྲག་མཚུར་སོགས་གཏེར་དངོས་སྨན་རྫས་མང་པོ་ཡོད་སྟབས་དེས་ནད་རིགས་སྣ་ཚོགས་བཅོས་ཐུབ་ལ་བདེ་སྲུང་གི་ནུས་པ་ཡང་ལྡན་ཡོད། འོལ་ཁ་ཆུ་ཚན་ཡང་བོད་ཀྱི་གྲགས་ཆེ་བའི་ཆུ་ཚན་གྱི་གྲས་ཤིག་རེད།

    ས་ཕྱོགས་ཁག་ནས་འོལ་ཁ་ཆུ་ཚན་དུ་ཡོང་མཁན་གྱི་ཡུལ་སྐོར་སྐུ་མགྲོན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཆུ་ཚན་གནས་སའི་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོས་སྒོ་འགྲམ་ནས་རང་གྲོང་ཚོའི་འཕེལ་རྒྱས་ལ་འཚམ་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་རྙེད་ལ། ཆུ་ཚན་ལ་བདག་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་དང་ཡུལ་མི་རྣམས་ཕྱུག་འགྱུར་ཡོང་བའི་ལྡེ་མིག་དང་པོ་དེ་རྙེད་པ་རེད།

    ཞོལ་པ་གྲོང་ཚོས་གྲོང་ཚོའི་ཚོགས་ཆེན་འཚོགས་པ་བརྒྱུད་མཐར་ཐེམ་དུད་98གྲོང་ཚོའི་ཆུ་ཚན་ལ་བདག་སྐྱོང་བྱེད་པའི་མཉམ་སྡེབ་ཀྱི་ལས་ལ་ཞུགས་པ་དང་། གྲོང་མི་ཚོས་ཆུ་ཚན་རྒྱ་སྐྱེད་བཏང་བ་མ་ཟད། ཐེམ་དུད་རྣམས་ཚོགས་ཆུང་འགའ་ཤས་ལ་བགོས་ནས་ཆུ་ཚན་གྱི་ཆུ་བཤང་རྒྱག་པ་དང་། རྫིང་བུ་གཙང་བཟོ། གད་སྙིགས་གཙང་སེལ་སོགས་ཆུ་ཚན་བདག་སྐྱོང་ལེགས་པར་བྱས་པ་དང་ཆུ་ཚན་གྱི་འཕྲོད་བསྟེན་དོ་དམ་ཐད་གཏན་འབེབས་ནན་པོ་བཟོས་པས་ཆུ་ཚན་གཉེར་སྐྱོང་དང་དོ་དམ་གོ་རིམ་ལྡན་ལ་གཙང་སྦྲ་དོད་པོ་བྱུང་བས། ཆུ་ཚན་ལ་ཡོང་མཁན་གྱི་སྐུ་མགྲོན་ཚོའི་སྐྱིད་སྣང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    ལྡེ་མིག་གཉིས་པ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་། ཕྱོགས་བཞིའི་སྐུ་མགྲོན་གང་མང་བསུས།

    2016ལོར་མལ་གྲོ་གུང་དཀར་རྫོང་ནས་ཟངས་རི་རྫོང་བར་གྱི་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པས་འོལ་ཁ་ཆུ་ཚན་ལ་ཡོང་མཁན་གྱི་སྐུ་མགྲོན་མི་གྲངས་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་ཡོད་པ་རེད།

    རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོས་ཆུ་ཚན་གྱི་ཁོར་ཡུག་ལེགས་སུ་བཏང་ཡང་། སྐུ་མགྲོན་ཚོ་ཞག་སྡོད་ཀྱི་མགྲོན་ཁང་མི་འདང་བ་དང་། རླངས་འཁོར་འཇོག་ས་རྒྱ་ཆུང་བ། ཡུལ་མི་ཚོའི་ཞབས་ཞུའི་འདུ་ཤེས་ཞན་པ་ལ་སོགས་པའི་གནས་ཚུལ་གསར་པ་མང་དག་ཅིག་ཐོན་ཡོད་པ་རེད།

    2022ལོར་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་རྣམ་གྲངས་སྟེ། བསྡོམས་མ་དངུལ་སྒོར་ཁྲི་4660བཏང་བའི་གྲོང་ཚོའི་ཐེམ་དུད་15ཡི་ཁང་པ་གསར་རྒྱག་དང་འཁྱགས་སྒམ་དང་། དྲོད་སྙོམས་ཡོ་བྱད། བརྙན་འཕྲིན། ཉལ་ཁྲི། ཁ་གདན། ཉལ་ཆས། ཐབ་ཆས་སོགས་ནང་ཆས་ཆ་ཚང་ཉོ་སྒྲུབ་བྱས་པ་མ་ཟད། གྲོང་ཚོའི་ལམ་དང་། ཡུལ་སྐོར་ཕྱོགས་སྟོན་གྱི་བྱང་བུ། རླངས་འཁོར་འཇོག་ས། ཡུལ་སྐོར་གསང་སྤྱོད་སོགས་བསྐྲུན་པ་རེད།

    ཡུལ་མི་བློ་བཟང་ནོར་བུས་ཀྱང་ཐེམ་དུད་གཞན་དང་འདྲ་བར་རྒྱ་ཁྱོན་སྨི་གྲུ་བཞི་མ་280ཡོད་པའི་རང་ཁྱིམ་གྱི་ཁང་པ་གསར་པ་ཁྱིམ་ཚང་མགྲོན་ཁང་བཟོས་པ་རེད། “སྟེང་གི་ཁང་མིག་བཞི་པོ་མགྲོན་ཁང་བཟོས་པ་ཡིན། ཁང་པ་གསར་པའི་ནང་སྐུ་མགྲོན་འཚང་ཁ་ཤིག་ཤིག་ངང་ཕེབས་པ་དང་། ངས་ཀྱང་ཁང་པའི་གཙང་སྦྲར་དོ་སྣང་བྱེད་པ་ཙམ་མ་ཟད་སྐུ་མགྲོན་ལ་དགོས་མཁོ་ཆེ་བའི་དྲ་བ་དང་། གཏེར་ཆུ་སོགས་མཁོ་འདོན་བྱེད་ཀྱི་ཡོད། མིག་སྔར་ཟླ་གཅིག་ལ་ཡོང་འབབ་སྒོར་སུམ་སྟོང་ཙམ་བྱུང”ཞེས་བློ་བཟང་ནོར་བུས་དགའ་སྣང་ཆེན་པོས་བཤད།

    ཞོལ་པ་གྲོང་ཚོའི་ཆུ་ཚན་དང་མགྲོན་ཁང་གི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དེའང་2020ལོའི་སྒོར་ཁྲི་156ནས་2022ལོའི་སྒོར་ཁྲི་389བར་འཕར་བ་དང་། མང་ཚོགས་ལ་བགོ་འགྲེམས་2020ལོའི་སྒོར་ཁྲི་1ནས་2022ལོའི་སྒོར་ཁྲི་3.5བར་འཕར་ཡོད། 2022ལོར་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ཟིན་ཡོད་ལ། 2023ལོའི་ཟླ་8པ་བར་ཡོང་འབབ་སྒོར་ཁྲི་298ཟིན་ཡོད་ཅེས་གྲོང་ཚོའི་ཚོན་ཀྲང་གཞོན་པ་འཕྲིན་ལས་ནོར་བུས་གསར་འགོད་པར་བཤད་བྱུང་།

    ད་ཆ་ཞོལ་པ་གྲོང་ཚོར་ཁང་བཟང་གྲལ་སྟར་སྒྲིག་ལ་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། ཡུལ་མི་ཚོས་གྲོང་གསེབ་དར་རྒྱས་དང་ཕྱུག་འགྱུར་གྱི་ལམ་བུར་ཆ་ཚང་བའི་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་སྐྱིད་སྣང་དོད་པའི་ཁོར་ཡུག་ཅིག་བསྐྲུན་པའི་ལྡེ་མིག་གཉིས་པ་དེ་སྤྱད་ནས། ཐབས་ཇུས་སྣ་ཚོགས་འདོན་བཞིན་རྩལ་ནུས་ཡོད་རྒུ་ངོམ་ནས་གོམ་ཞེང་ཆེན་པོས་མ་འོངས་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།

    ལྡེ་མིག་གསུམ་པ། རྒན་དར་གཞོན་གསུམ་ལས་ལ་ཞུགས། ཞབས་འདེགས་སྔར་བས་འཐུས་ཚང་ཞུས།

    ཆུ་ཚན་ཡུལ་སྐོར་དེ་མྱོང་རོལ་རྣམ་པའི་ཡུལ་སྐོར་ཞིག་ཡིན་པས་ཆུ་ཚན་རྒྱག་པར་ཡོང་མཁན་ཡང་རིམ་པས་མང་དུ་ཕྱིན་ཡོད། ཞོལ་པ་གྲོང་ཚོས་འོལ་ཁ་ཆུ་ཚན་དུ་ཡོང་མཁན་སྐུ་མགྲོན་ཚོར་ཞབས་འདེགས་གང་ལེགས་ཞུ་ཐུབ་ཆེད། ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་གྱི་འཕེལ་ཕྱོགས་དང་བསྟུན་ནས་ཆུ་ཚན་དང་། ཞག་སྡོད། བཟའ་བཏུང་སོགས་སྣ་མང་གཉེར་སྐྱོང་འཕེལ་རྒྱས་བཏང་བ་དང་ཆབས་ཅིག བརྒྱུད་རིམ་ལྡན་པའི་དོ་དམ་བྱས་པས་ཞོལ་པ་གྲོང་ཚོའི་ཆུ་ཚན་ཡུལ་སྐོར་དངོས་འབྲེལ་གྲ་རྒྱས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    2021ལོའི་ཟླ་11ཚེས་29ཉིན་ཞོལ་པ་གྲོང་ཚོར་བུད་མེད་དྲོ་སྐྱིད་ཇ་ཁང་ཞིག་སྒོ་ཕྱེ་བ་དང་། ཞོལ་པ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དོ་དམ་བྱས་ཤིང་། ཞོལ་པ་གྲོང་ཚོའི་བུད་མེད་དང་བླངས་པ་32ཡིས་གཉེར་སྐྱོང་བྱེད་བཞིན་ཡོད་པས། ཟ་ཁང་དེ་ནི་ཟངས་རི་རྫོང་གི་བུད་མེད་ལས་གཏོད་དཔེ་སྟོན་ས་ཚིགས་ཐོག་མ་དེ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟ་ཁང་དེ་སྒོ་ཕྱེ་བ་ནས་ད་བར་ཁྱོན་བསྡོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་53ལྷག་ཙམ་ཟིན་ཡོད་པ་རེད།

    “གྲོང་ཚོའི་བུད་མེད་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་གཏོད་ཀྱི་ལམ་དུ་མུ་མཐུད་ཞུགས་ནས་ཕྱུག་འགྱུར་ཡོང་བའི་སེམས་ཤུགས་ཆེན་པོ་ཡོད་ལ། གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་གྲོང་ཚོའི་བུད་མེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད”ཅེས་ཟངས་རི་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྒྲོལ་མས་གསར་འགོད་པར་བཤད་བྱུང་།

    ཚེ་རིང་བསམ་གྲུབ་ནི་ཞོལ་པ་གྲོང་ཚོའི་སློབ་ཆེན་སློབ་ཐོན་སློབ་མ་ཞིག་ཡིན་ཞིང་། 2022ལོར་ཁོ་པ་ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་གྲོང་ཚོའི་ཆུ་ཚན་དང་འགྲུལ་ཁང་གི་དོ་དམ་ལས་ཀ་བྱེད་བཞིན་ཡོད་པ་རེད།

    ང་རང་ཡང་གྲོང་ཚོའི་ཡུལ་མི་གཞན་དང་མཉམ་དུ་ཕྱི་དྲོའི་ཆུ་ཚོད་ལྔ་པ་ནས་དགོང་དྲོའི་ཆུ་ཚོད་བཅུ་གཅིག་བར་ཞབས་ཞུའི་གསོ་སྦྱོང་ནང་ཧུར་ཐག་ཞུགས་བཞིན་ཡོད་ཅེས་ཚེ་རིང་བསམ་གྲུབ་ཀྱིས་བཤད་ཅིང་། ཁོ་པ་གྲོང་ཚོའི་ནང་གི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས་མ་འོངས་པར་ཕ་ཡུལ་གྱི་ཡུལ་སྐོར་འཕེལ་རྒྱས་ཆེད་དུ་ལས་ཀ་བྱེད་སེམས་ཆེ་བ་གསར་འགོད་པས་ཁོ་པ་དང་བགྲོ་གླེང་བྱེད་དུས་ཚོར་བྱུང་།

    ད་ཆ་ཞོལ་པ་གྲོང་ཚོའི་རྒན་དར་གཞོན་གསུམ་གྱི་ཡུལ་མི་རྣམས་ཆུ་ཚན་དང་འགྲུལ་ཁང་གི་དོ་དམ་པ་དངོས་དང་ཕན་པ་ཐོབ་མཁན་དངོས་ལ་གྱུར་ཞིང་། དེས་མ་ཟད་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་ཡུལ་མི་རྣམས་ཀྱིས་རང་ནུས་ཡོད་རྒུས་གཡས་གཞོགས་གཡོན་འདེགས་དང་ཕྱར་བ་གྲུ་འདེགས་ཀྱིས་འབད་བརྩོན་ཆེན་པོ་བྱེད་བཞིན་པ་དེའང་ཕྱུག་འགྱུར་ལམ་བུའི་ལྡེ་མིག་གཞན་ཞིག་མིན་པ་ཅི་ལ་སྲིད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།