དབུ་ཤོག>པར་མཛོད།
  • བྱང་རྩྭ་ཐང་ནས་ཡོང་བའི་དང་བླངས་པ།

    ཐེམ་ཁུངས་བོད་ནས་ཡིན་པའི་དང་བླངས་པས་སྤུས་ལེགས་ཀྱི་ཞབས་ཞུར་བརྟེན་ནས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་བཀྲག་མདངས་ལྡན་པར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-28

    འདི་ནི་དང་བླངས་པ་བསོད་ནམས་བདེ་སྐྱིད་ཀྱིས་འགྲན་ཁུལ་གྱི་འགྲན་བསྡུར་རེའུ་མིག་སྦྱར་བཞིན་པ།

    ཟླ་9ཚེས་23ཉིན། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཧང་ཀྲོའུ་རུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། དེའི་རིང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དང་བླངས་པ་ཚོས་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་པས་འགྲན་རའི་ཕྱི་ནང་གང་སར་དྲོ་སྐྱིད་ཚོར།

    “ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དང་བླངས་པ་ཞིག་བྱེད་ཐུབ་པར་རང་ཉིད་སྤོབས་པ་ཆེན་པོ་སྐྱེས་བྱུང་། དེ་ནི་མི་ཚེའི་ནང་གི་ཉམས་མྱོང་རྩ་ཆེན་ཞིག་རེད། དང་བླངས་པ་བྱེད་རིང་ང་ཚོར་ཞབས་འདེགས་ཧུར་ཐག་ཞུ་ཐུབ་པའི་སེམས་ཤུགས་ཆེན་པོ་ཡོད་པས། དཀའ་ངལ་དང་དཀའ་ལས་གང་ཡང་མི་འདུག གང་ལགས་ཤེ་ན། ད་ཐེངས་ང་ཚོས་བོད་ཀྱི་གཟུགས་བརྙན་མངོན་པ་མ་ཟད། ཀྲུང་གོའི་གཟུགས་བརྙན་ཡང་མཚོན་པར་བྱས་ཡོད”ཅེས་དང་བླངས་ཞབས་ཞུའི་མྱོང་ཚོར་གླེང་སྐབས། ཁོང་ཚོ་ཚང་མའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་སྤོབས་སེམས་དང་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་དེ་ལྟར་བརྗོད། ཧང་ཀྲོའུ་ལིན་ཕིང་ལུས་རྩལ་ལྟེ་གནས་ནས་གསར་འགོད་པར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནས་ཡོང་བའི་དང་བླངས་པ་ཚོ་སེམས་ཤུགས་ཀྱིས་ཁེངས་པ་མཐོང་བྱུང་།

    སྤ་སེ་ཞིབ་བཤེར་གྱི་ལས་རོགས་ལས་གནས་སུ་སྒྲོལ་མ་ལྷ་མཚོས་ཉིན་ལྟར་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ལྟད་མོ་བ་ཚོར་རྒྱ་སྐད་བྱང་ཆུབ་པ་དང་དབྱིན་སྐད་ཀྱི་ཁ་སྐད་བྱང་ཆུབ་པའི་སྒོ་ནས་ཁོང་ཚོར་སྟབས་བདེ་བསྐྲུན་པས་ཚོགས་ཆུང་གཅིག་པའི་དང་བླངས་པ་ཚོའི་ཁས་ལེན་ཐོབ་ཡོད། 

    “སྐུ་མགྲོན་ཚོས་ཐུགས་རྗེ་ཆེ་ཞུ་སྐབས་རང་ཉིད་སེམས་གཏིང་ནས་དགའ་ཚོར་སྐྱེ་ཡི་འདུག ངས་སྒྲུབ་ཐུབ་པ་ཚང་མ་ཧུར་ཐག་སྒྲུབ་བསམ་གྱི་འདུག ཧང་ཀྲོའུ་ཡིས་གསེར་རྙེད་ཆུས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་28སོང་རིང་། ས་གནས་དེ་གའི་འཕེལ་རྒྱས་ལ་རོགས་རམ་ཆེན་པོ་ཐོབ་པ་མ་ཟད། མཛའ་གྲོགས་ཀྱི་འབྲེལ་བ་གཏིང་ཟབ་བཙུགས་ཡོད། ང་ཚོས་ཧང་ཀྲོའུ་རུ་ཞབས་འདེགས་ཡག་པོ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྒྲོལ་མ་ལྷ་མཚོས་སེམས་འགུལ་ཟབ་མོའི་ངང་དེ་ལྟར་བཤད།

    ལས་རིགས་གཅིག་པའི་ཐར་པ་ཆོས་སྒྲོན་གྱིས་བརྙན་ཕབ་ལས་རོགས་ལས་གནས་སུ་ཞབས་འདེགས་ཞུ་བཞིན་ཡོད་པ་དང་ཁོང་གིས་གསར་འགོད་པར་རང་ཉིད་ཀྱིས་དུས་ནམ་ཡང་བརྗེད་པར་དཀའ་བའི་གནས་ཚུལ་ཏེ། ཟླ་9ཚེས་22ཉིན་ལིན་ཕིང་ལུས་རྩལ་ལྟེ་གནས་ལུས་རྩལ་ཁང་དུ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ཕའེ་ཆིའུ་སྤོ་ལོའི་ལུས་རྩལ་པ་12ཀྱི་སྣོལ་སྡེབ་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གིས་3བསྡུར་1གི་གྲུབ་འབྲས་ཐོག་ནས་ཧིན་རྡུ་ཉི་ཞི་ཡའི་རུ་ཁག་ལས་རྣམ་པར་རྒྱལ་བའི་སྐོར་དེ་བརྗོད། སྐབས་དེ་དུས་ཐར་པ་ཆོས་སྒྲོན་གྱིས་རང་ཉིད་ཀྱི་ཞབས་ཞུའི་ས་ཁོངས་ནས་ངོ་མཚར་ཆེ་བའི་དུས་སྐབས་དེ་བདེན་དཔང་བྱས་ཡོད།

    “རྒྱུན་དུ་བརྙན་འཕྲིན་ནས་ལྟ་གི་ཡོད་པས་མྱོང་ཚོར་ཟབ་མོ་དེ་འདྲ་ཡོང་མྱོང་མེད་མོད། འོན་ཀྱང་ཉིན་དེར་ས་གནས་ས་ཐོག་ཏུ་ཡོད་པས་ཧང་སང་དགོས་པ་ཞིག་འདུག ལུས་རྩལ་པས་སྤོ་ལོ་རྒྱག་པ་མཐོང་སྐབས་ངས་ལྟད་མོ་བ་དང་མཉམ་དུ་དགའ་འབོད་དང་དགའ་བསུ་ཞུ་ཡི་ཡོད། དེ་སྔ་འགྲན་བསྡུར་བྱེད་ཐེངས་རེར་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུ་ཁོ་ནའི་བསམ་བློ་གཏོང་གི་ཡོད་མོད། འོན་ཀྱང་ཉིན་དེར་ཀྲུང་གོའི་རུ་མི་ཚོས་འགྲན་རའི་ཐོག་མཐུན་སྒྲིལ་མཉམ་ལས་བྱས་པ་མཐོང་དུས་རང་ཉིད་ཀྱང་ལུས་རྩལ་པ་ཞིག་ཡིན་པའི་མྱོང་ཚོར་སྐྱེས་ཏེ་སྤོབས་པ་དང་དགའ་སྤྲོ་ཚད་མེད་སྐྱེས་བྱུང”ཞེས་བཤད།

    ཉིན་དེའི་དགོང་མོ་སྡོད་གནས་སུ་ལོག་རྗེས་ཐར་པ་ཆོས་སྒྲོན་གྱིས་རང་ཉིད་ཀྱིས་འཁྱེར་ཡོང་བའི་ཟིན་བྲིས་དེབ་ཐོག“དེ་ནི་བརྗེད་པར་དཀའ་བའི་དྲན་འཆར་ཞིག་རེད། འགྲན་རའི་ཐོག་གི་ངོ་མཚར་ཚང་མ་རང་ཉིད་མདུན་སྐྱོད་ལམ་བུའི་ཐོག་གི་སྒུལ་ཤུགས་ཤིག་རེད། ངས་ཚེ་འདིར་བསོད་ནམས་ཇི་ཙམ་བསགས་ཏེ་གཞི་ནས་ས་གནས་ས་ཐོག་ཏུ་ལུས་རྩལ་འགྲན་ཚོགས་དེའི་དཔང་པོ་བྱེད་ཐུབ་པ་བྱུང་བ་རེད་ཨང་། ཀྲུང་གོ་ཁྱེད་ནི་ངའི་སྤོབས་པ་ཡིན། རང་ཉིད་ཀྲུང་གོ་བ་ཞིག་ཡིན་པར་དེ་བས་སྤོབས་པ་སྐྱེ་ཡི་འདུག”ཅེས་བྲིས་ཡོད་པ་རེད།

    ས་གནས་ས་ཐོག་ཏུ་འགྲན་བསྡུར་བྱེད་སྒོར་ལྟ་བའི་སྐོར་གླེང་སྐབས་དང་བླངས་པ་གྲགས་པ་རྣམ་རྒྱལ་དང་མིག་དམར་རྡོ་རྗེར་དེ་བས་སྐད་ཆ་ཤོད་དབང་ཡོད་པ་དང་ཁོང་གཉིས་ཀྱིས་FOPཁུལ་གྱི་ཆེད་ལས་དང་བླངས་པའི་ལས་གནས་སུ“མགྱོགས་མྱུར་ཕྱིས་མཁན”བྱེད་ཀྱི་ཡོད་པ་རེད།

    གྲགས་པ་རྣམ་རྒྱལ་དང་མིག་དམར་རྡོ་རྗེ་ཉིན་གཅིག་གི་དང་བླངས་ཞབས་ཞུ་མཇུག་འགྲིལ་ནས་མགྲོན་ཁང་དུ་ལོག་པའི་ལམ་བར་དུ་གསར་འགོད་པ་དང་སྤེལ་རེས་སྟབས་བདེ་ཞིག་བྱས་པ་རེད།

    “དེར་ཡོང་ནས་སྦྱོང་བརྡར་དེ་འདྲ་བྱེད་པར་ཁྱེད་ཚོ་གོམས་སམ”

    “ངས་དུས་རྒྱུན་ལུས་རྩལ་ཡང་ཡང་རྩེ་ཡི་ཡོད་པས། གཟུགས་པོ་མི་གོམས་པ་མི་འདུག འོན་ཀྱང་མིག་དམར་རྡོ་རྗེ་ཉིན་དང་པོ་སྦྱོང་བརྡར་བྱེད་སྐབས་ཅུང་མི་བདེ་བ་བྱུང་སོང”ཞེས་གྲགས་པ་རྣམ་རྒྱལ་གྱིས་བཤད།

    “རྩལ་ཁྲིད་པས་ང་བདེ་པོ་མེད་པ་མཐོང་སྐབས་འཕྲལ་མར་ངའི་རྐང་པར་སྨན་ཆུ་གཏོར་བས། ཉིན་གཉིས་པར་དེ་ཙམ་ན་ཡི་མི་འདུག སྦྱོང་བརྡར་ནང་མགྱོགས་པོ་ཞུགས་ཐུབ་བྱུང”ཞེས་མིག་དམར་རྡོ་རྗེས་བཤད།

    མི་རིགས་ཀྱི་བརྩེ་དུང་ཟབ་མོ་དང་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ—སྤྱི་ལེ་4000ལྷག་ཙམ་སྒྲོལ་ཏེ་གསེར་རྙེད་ནས་ཡོང་བའི་དང་བླངས་པ་ཚོས་རང་རང་སོ་སོའི་ལས་གནས་ཐོག་ཞབས་འདེགས་ཧུར་ཐག་ཞུ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།