དབུ་ཤོག>པར་མཛོད།
  • གློག་བརྟན་པོ་སྤྱོད་རྒྱུ་ཡོད་པས་འཚོ་བ་དངོས་གནས་སྐྱིད་པོ་འདུག

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ཡུལ་སྨད་ཤང་གི་གློག་མཁོ་འདོན་ཞབས་ཞུ་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-28

    འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའི་ཏང་ཡོན་ཞབས་ཞུ་རུ་ཁག་སྒྲོལ་དཀར་གྱི་འབྲོག་རའི་ཁང་པའི་ནང་བསྐྱོད་དེ་གློག་གི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    ཡུལ་སྨད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་འཕྲེང་ཆེན་པོ་གནང་བའི་གངས་ལྗོངས་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་རེད་ལ། “དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་ཁྱིམ་གཞིས་ཀྱང་རེད།

    ལོ་དེ་དག་ནང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་ཤང་ཡོངས་ཀྱི་མང་ཚོགས་རྣམས་སྔ་རྗེས་སུ་སྡོད་ཁང་གསར་པར་སྤོས། དུད་ཚང་ཁག་གི་འབྲོག་རར་སྐྱས་སྤོ་སའི་ཁང་པ་སྔར་བཞིན་བཞག་ཡོད་པ་དང་སྒྲོལ་དཀར་གྱི་འབྲོག་རའི་ཁང་པའི་ནང་གློག་འོད་གསལ་ལ་གློག་མདོང་སོགས་རྒྱུན་གཏན་གྱི་གློག་ཆས་གང་དགོས་ཆ་ཚང་འཛོམས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་རྩ་འཛུགས་ཀྱི་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས《“གནས་ཚུལ་དངོས་ལ་རྟོག་ཞིབ་དང་བྱ་ཐབས་དངོས་འདོན་པའི”ཆེད་དོན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》དང《དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》《དོན་དངོས་སྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བའི”ཆེད་དོན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཅས་བཟོས་ཏེ། ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོ་དེ་ཉིད་རྒྱལ་ཁབ་གློག་དྲ་ཀུང་སིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དཔེ་སྟོན་གྲོང་ཚོའི་གྲས་སུ་བཅུག་ནས་སྤུས་ལེགས་ཀྱི་གློག་གཏོང་ཞབས་ཞུ་འགན་ལེན་གྱིས་མཐའ་མཚམས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    ཡུལ་སྨད་ཤང་གི་མང་ཚོགས་སྒྲོལ་མ་ལྷ་འཛོམས་ཀྱིས་རང་ཁྱིམ་གྱི་ཁང་པ་སྟོང་པ་བེད་སྤྱད་དེ་དམངས་སྲོལ་གནས་ཚང་དང་ཚོང་ཁང་བཙུགས་ནས་ལོ་བཅུ་ལྷག་ཙམ་སོང་ཡོད། “ངའི་ཁྱིམ་གྱི་དམངས་སྲོལ་གནས་ཚང་གི་མཁྲེགས་ཆས་ཆ་ཚང་པོ་ཡོད། དྲོ་གྲང་སྙོམས་ཆས་དང་ཆུ་ཚ་པོ་བཟོ་ཆས་བཅས་སྒྲིག་སྦྱོར་བྱས་ཡོད་པས། སྐུ་མགྲོན་རྣམས་འདི་གར་བློ་བདེ་པོའི་ངང་སྡོད་རྒྱུ་ཡོང་བ་བྱེད་ཀྱི་ཡོད”ཅེས་སྒྲོལ་མ་ལྷ་འཛོམས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་དུ་ཞག་སྡོད་ཀྱི་ཆ་རྐྱེན་ངོ་སྤྲོད་བྱས་པ་དང་གློག་བརྟན་པོ་ཡོད་པ་ལས་སྐུ་མགྲོན་ལ་ཞབས་འདེགས་ཞུ་བའི་ཁོང་གི་ཡིད་ཆེས་ཆེ་རུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ཡུལ་སྨད་ཤང་གི་གློག་གི་གནད་དོན་ལ་དམིགས་ཏེ་མ་དངུལ་སྒོར་ཁྲི་8732.7བཏང་ནས་སྤྱིའི་ཤོང་ཚད་ཆན་ཕུའུ་ཨན་7150ཟིན་པའི་ཆན་ཕུའུ་35ཡི་གློག་སྒྱུར་ས་ཚིགས་3དང་། སྤྱིའི་རིང་ཚད་སྤྱི་ལེ་140.16ཟིན་པའི་ཆན་ཕུའུ་35ཡི་སྐུད་ལམ་3 སྤྱིའི་རིང་ཚད་སྤྱི་ལེ་368.4ཟིན་པའི་ཆན་ཕུའུ་10ཡི་སྐུད་ལམ་7བཅས་བཙུགས་པས། ཡུལ་སྨད་ཤང་ཡོངས་ལ་གློག་དྲ་ཁྱབ་ནས་ཡུལ་མི་ཚོས་ཆུ་གློག་ཆུང་གྲས་ཀྱི་ཁེར་རྐྱང་གློག་དྲ་ནས་གློག་སྤྱོད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཡུལ་སྨད་ཤང་གི་དྲ་སྒྲོམ་དང་གློག་ཁུངས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ཆད་སྐྱོན་ཐག་གཅོད་བྱེད་པའི་དུས་ཚོད་ཆུ་ཚོད་2བར་ཐུང་དུ་ཕྱིན་པ་དང་། གློག་ཤུགས་ཀྱི་ཚད་གཞི་ལོན་ཚད་99.89%བར་མཐོ་རུ་ཕྱིན་པ། གློག་མཁོ་འདོན་ཐུབ་ཚད་99.5%ཟིན་པ། དུད་ཚང་རེར་ཆ་སྙོམས་སྒྲིག་སྦྱོར་ཐུབ་ཚད་ཆན་ཧྥུའུ་ཨན་37.7བར་མཐོ་རུ་ཕྱིན་པ་བཅས་རེད། དེ་དང་ཆབས་ཅིག་ཡུལ་སྨད་ཀྱི་ལྗང་མདོག་ཆུ་ཤུགས་གློག་ཁང་ཆུང་གྲས་སྒྱུར་བཀོད་རིམ་སྤོར་བྱས་ནས་ཡུལ་སྨད་ཤང་གི“གློག་ཁུངས་གཉིས”ལ་གློག་མཁོ་འདོན་ཐུབ་ནས་ཡུལ་སྨད་ཤང་གི་གློག་མཁོ་འདོན་གྱི་བློས་འགེལ་རང་བཞིན་དང་བདེ་འཇགས་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།

    གསར་འགོད་པས་ཡུལ་སྨད་ཤང་གི་ཁྲོམ་གཞུང་གཙོ་བོའི་ཉེ་འགྲམ་ནས་རྒྱལ་ཁབ་གློག་དྲ་ཀུང་སིའི་ལས་གཉེར་ཚོམས་ཆེན་གསར་རྐྱང་ཞིག་སྤྱོད་ཉེར་ཡོད་པ་མཐོང་བྱུང་། ལས་གཉེར་ཚོམས་ཆེན་དེའི་དམིགས་ཡུལ་ནི་རིག་ནུས་ཅན་དང་ཉམས་ལེན་རྣམ་པའི་དངོས་ཚན་ལས་གཉེར་ཚོམས་ཆེན་བསྐྲུན་ནས་གློག་སྤྱོད་བློ་འདྲི་དང་། སྐྱོན་ཆ་སྲུང་སྐྱོང་། མི་མངོན་པའི་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། གྲོང་གསེབ་ཀྱི་གློག་མཁོ་འདོན་ཞབས་ཞུའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    “མིག་སྔར། ཡུལ་སྨད་ཀྱིས་ཁྱད་ལྡན་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་དཔེ་སྟོན་རྣམ་གྲངས་ཁག་གཅིག་འཆར་འགོད་ལག་བསྟར་བྱེད་བཞིན་ཡོད་པ་དང་། བདེ་འཇགས་ལྡན་པའི་གློག་བརྟན་པོ་མཁོ་འདོན་དང་གློག་སྤྱོད་ཞབས་འདེགས་ཡག་པོ་ཞུས་ནས་ཡུལ་སྨད་འཕེལ་རྒྱས་ཆེད‘གློག་ཤུགས་སྒུལ་ནུས’སྣོན་བཞིན་ཡོད”ཅེས་ཡུལ་སྨད་ཤང་གི་ཤང་ཀྲང་གཞོན་པ་ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།