དབུ་ཤོག>པར་མཛོད།
  • ཤིང་འབྲས་རིགས་སྣ་གསར་པ་བཏབ། བདེ་སྐྱིད་འཚོ་བ་སྐྱེལ་འགོ་ཚུགས།

    སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་ཨོ་རོང་ཤར་ཕྱོགས་གྲོང་ཚོས་ཤིང་འབྲས་སྣ་ཁ་གསར་པ་བཏབ་ནས་ཡོང་འབབ་བཏོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བསོད་ནམས་དཔའ་མོ། བཀྲ་ཤིས། བསོད་ནམས་ཆོས་སྒྲོན།   |     སྤེལ་དུས།  2023-09-19


    འདི་ནི་གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་མིས་བཀོག་མ་ཐག་གི་ཤིང་འབྲས་ཁྲེ་ལི་ཙི་སྟོན་བཞིན་པ།

    འདི་ནི་ཤར་ཕྱོགས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་དོན་གྲུབ་ཀྱིས་ཤིང་འབྲས་ལྡུམ་ར་ངོ་སྤྲོད་བྱེད་བཞིན་པ།

    འདི་ནི་གྲོང་སྡོད་ལས་དོན་རུ་མིས་ཡུལ་མིར་ཤིང་འབྲས་ཁྲེ་ལི་ཙི་འཐུ་རོགས་བྱེད་བཞིན་པ།

    འདི་ནི་སྨིན་ཟིན་པའི་ཤིང་འབྲས་ཁྲེ་ལི་ཙི་ཡིན་པ།

    འདི་ནི་ཡུལ་མིས་ཤིང་འབྲས་ཁྲེ་ལི་ཙི་འཚོང་བཞིན་པ།

    འདི་ནི་སྐྱེ་འཚར་ལེགས་པའི་ཁྲེ་ལི་ཙིའི་སྡོང་པོ་ཡིན་པ།

    འདི་ནི་ཤར་ཕྱོགས་གྲོང་ཚོའི་རྒན་རྒོན་རྣམས་ཇ་ཁང་ནང་སོས་དལ་བག་ཕེབས་ངང་སྡོད་པ།

    འདི་ནི་ཡུལ་མིས་ཤིང་འབྲས་ལྡུམ་རར་གཡོག་བྱེད་བྱེད་བཞིན་པ།

    ངེད་བཅར་འདྲི་ཚོགས་ཆུང་དང་བཅས་པ་སྨན་གླིང་རྫོང་ཨོ་རོང་གྲོང་ཚོར་བཅར་འདྲིར་སྐྱོད་སྐབས། གཞུང་ལམ་རྒྱུད་དང་རི་ཤུར་གྲོག་རོང་གང་ས་ནས་གསར་འགོད་པའི་མིག་ལམ་དུ་འཆར་བ་ནི་ཡུལ་ལྗོངས་རི་མོ་ལྟར་མཚར་སྡུག་བཀྲ། ཀོང་ཡུལ་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བཀོད་ལེགས་ཁང་བཟང་སྟར་ལ་བསྒྲིགས་པ་དང་གྲོང་ཚོ་གསར་པ་མང་པོ་རི་སྔོ་ཆུ་དྭངས་ཀྱི་ཁོ་ར་ཁོར་ཡུག་ཁྲོད་འཇམ་ཐིང་ངེར་གནས་ལ། འཚོ་བ་གསར་པ་ལོངས་སུ་སྤྱོད་བཞིན་པའི་ཡུལ་མི་ཚོའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས།

    ཡིད་འོང་གྲལ་སྟར་འགྲིག་པའི་ཨོ་རོང་ཤར་ཕྱོགས་གྲོང་ཚོའི་ཡུལ་མིའི་སྡོད་ཁང་གཞུང་ལམ་གྱི་གཡས་གཡོན་གཉིས་སུ་ཆགས་ཤིང་། ཁོ་ར་ཁོར་ཡུག་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ་དང་གཙང་སྦྲ་དོད་ལ། ཡུལ་མི་རྣམས་སྤྲོ་ཁང་ལྟ་བུའི་སྡོད་ཁང་གསར་པའི་ནང་འཚོ་བ་སྐྱེལ་བཞིན་པ་མཐོང་སྐབས། དུས་རབས་གསར་པའི་གྲོང་གསེབ་གསར་པའི་རྣམ་པར་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག ང་ཚོ་འདི་གར་ཡོང་དོན་ཞིབ་པར་སྨྲས་རྗེས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་དོན་གྲུབ་ཀྱིས་སེམས་རྩ་འཁོལ་པོས་སྣེ་ལེན་བྱས་ཤིང་། ཨོ་རོང་ཤར་ཕྱོགས་གྲོང་ཚོའི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་པ་དང་། འཕྲལ་མར་གྲོང་ཚོ་དེ་གའི་ཤིང་འབྲས་ཁྲེ་ལི་ཙི་རྟེན་གཞིར་ལྟ་སྐོར་ལ་ཁྲིད་བྱུང་། རྟེན་གཞིའི་སྒོ་འཛུལ་མ་ཐག་གྲལ་སྟར་འགྲིག་པའི་ཤིང་འབྲས་ཁྲེ་ལི་ཙིའི་སྡོང་པོ་ཡུག་གཅིག་མིག་ལམ་དུ་འཆར་བ་དང་། སྡོང་རྐང་གི་ཡལ་གའི་སྟེང་དུ་དམར་རྡོག་རྡོག་གི་ཤིང་འབྲས་ཁྲེ་ལི་ཙི་བགྲང་གིས་མི་ལང་བ་སྨིན་བཞིན་ཡོད་པ་མཐོང་དུས། དབྱར་གཞུང་གི་ལོ་ལེགས་རྣམ་པར་ཡིད་སྨོན་སྐྱེས་ལ། ཤིང་འབྲས་ཁྲེ་ལི་ཙི་འཐོག་འདོད་ཀྱི་འདུན་པ་དྲག་པོ་འཆར།

    གྲོང་ཚོའི་ཀྲེ་པུའུ་ཧྲུའུ་ཅི་སྐལ་བཟང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཤིང་འབྲས་ཁྲེ་ལི་ཙི་ནི་ཆ་སྙོམས་དྲོད་ཚད་15℃ནས་16℃བར་གྱི་སར་སྐྱེ་འཚར་ལེགས་པོ་ཡོང་གི་ཡོད་ཅིང་། འདེབས་སར་ས་དྲོད་མེད་ན་མི་འགྲིག་པ་དང་། ཆུ་མང་པོ་རྒྱག་དགོས་ཀྱང་ཆར་ཆུ་ཧ་ཅང་འབེལ་བའི་ས་ཆར་སྐྱེ་འཚར་ཡག་པོ་ཡོང་གི་མེད། ཆུ་མང་དྲགས་ན་དེའི་ལོ་མ་སྐམ་ནས་སླར་ཡང་སྐྱེ་ཁག་པོ་རེད། ལྷག་པར་དུ་ཉི་འོད་མང་པོ་དགོས་པས་འདེབས་སར་ཉི་འོད་ཤུགས་ཆེ་ན། དེའི་འབྲས་བུ་ཡང་ཅུང་མང་ཞིང་མདོག་ཀྱང་ཧ་ཅང་སྙིང་རྗེ་པོ་ཡོང་གི་ཡོད། གོང་གསལ་གྱི་ཆ་རྐྱེན་དེ་དག་ཏག་ཏག་ཨོ་རོང་ཤར་ཕྱོགས་གྲོང་ཚོར་འཛོམས་ཡོད་ཅིང་། རྒྱལ་ལམ་219ཡི་ལམ་རྒྱུད་དུ་གནས་པའི་གྲོང་ཚོར་ཆར་ཆུ་འབེལ་བ་དང་། གནམ་གཤིས་ཚ་གྲང་སྙོམས་པ། ས་རྒྱུ་གཤིན་པ། ཉི་འོད་ཕོག་མང་བས་ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་གཞན་དག་དང་བསྡུར་ན་ཤིང་འབྲས་ཁྲེ་ལི་ཙི་འདེབས་པར་དེ་བས་འཚམ་པོ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཚོ་དེས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་འབབ་འཕར་ལམ་བུ་གསར་པ་མང་པོ་ཞིག་འཚོལ་ཞིབ་བྱས་ཡོད་པ་སྟེ། དཔེར་ན། 2021ལོར་ཀྲུང་དབྱང་རྩ་འཛུགས་པུས་ཆེད་མངགས་ནང་ས་ནས་ཤིང་འབྲས་ཁྲེ་ལི་ཙིའི་སྡོང་རྐང་1400ལྷག་ཙམ་ནང་འདྲེན་གྱིས་མུའུ་50ཡི་སར་བཏབ་པ་དང་། 2022ལོ་ནས་བཟུང་ཤིང་འབྲས་ཁྲེ་ལི་ཙིའི་སྡོང་རྐང་གསོན་ཚད་95%ཡན་ཟིན་ནས་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད་པ་རེད།

    རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་སྦྲགས། ནགས་ལས་སྐོར་གྱི་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་བཏང་བས། སྔོན་ཆད་རི་ཁའི་ལྟོ་རྟེན་རི་དང་ནགས་ཁའི་ལྟོ་རྟེན་ནགས་ཡིན་པ་གོམས་གཤིས་སུ་འཇགས་པའི་ཨོ་རོང་གྲོང་ཚོའི་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་སོང་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་པས། ད་ལྟ་ཤིང་འབྲས་ཁྲེ་ལི་ཙི་འཐོག་ཐེངས་གཉིས་པ་དེ་རེད། ང་ཚོའི་ཤིང་འབྲས་ཁྲེ་ལི་ཙིར་ཞིང་སྨན་དང་རྫས་ལུད་སོགས་གང་ཡང་རྒྱག་གི་མེད་པས་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག ད་དུང་དེ་རིང་སྔ་པོ་ནས་ཤིང་འབྲས་ཁྲེ་ལི་ཙི་རྒྱ་མ་20མངགས་བྱུང་། སྐབས་རེ་ཉོ་མཁན་ཡོད་ཀྱང་ཐོན་ཟོག་མ་འདང་བའི་སེམས་ཁྲལ་འདུག འདེབས་འཛུགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་སོང་བ་དང་བསྟུན་ནས་རིམ་པ་གོང་མ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་སླད་ཕྱིན་འདེབས་ཁྱོན་ཆེ་རུ་གཏོང་རྩིས་ཡོད་ཅེས་བརྗོད།

    ཤིང་འབྲས་ཁྲེ་ལི་ཙིའི་རྒྱུན་གཏན་གྱི་གཡོག་བྱེད་དང་ཆེད་ལས་ཀྱི་གསོ་སྐྱོང་སྐོར་སྐད་ཆ་འདྲི་སྐབས། གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་དང་གྲོང་ཚོའི་ཀྲུའུ་རེན་གཞོན་པ་རྡོ་རྗེ་བསམ་གྲུབ་ཀྱིས། གྲོང་ཚོར་ཚན་རྩལ་ཆེད་མངགས་པ་གཉིས་ཡོད། ནམ་རྒྱུན་ཤིང་འབྲས་སྡོང་པོ་སྐམ་པ་དང་འབུ་བརྒྱབ་པ་སོགས་ཀྱི་གནད་དོན་འཕྲད་སྐབས། གྲོང་ཚོའི་ཚན་རྩལ་ཆེད་མངགས་པས་གཡོག་བྱེད་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    གཞན་ཡང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་གླིང་ཁ་གཏོང་ས་དང་། འཐུང་ས། བི་ཤུ་འགྲན་ས་སོགས་ཡོད་ཅིང་། ལོ་ལྟར་དུས་ཆེན་གྱི་སྐབས་ཡུལ་མི་རྣམས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་འཛོམས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ཞིམ་ཟས་ལོངས་སུ་སྤྱོད་ཞོར། དགའ་བའི་གླུ་དབྱངས་ལེན་པ་དང་སྐྱིད་པའི་བྲོ་གར་འཁྲབ་པ་མ་ཟད། ཀོང་ཡུལ་གྱི་ཁྱད་ཆོས་ལྡན་པའི་བི་ཤུ་འགྲན་བསྡུར་གྱི་བྱེད་སྒོ་ཡང་སྤེལ་གྱི་ཡོད་པ་རེད།

    གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིས་འཛུམ་དམུལ་དམུལ་ངང་ད་ཆ་གྲོང་ཚོའི་ཡུལ་མི་མང་ཆེ་བ་དབྱར་རྩྭ་དགུན་འབུ་འཐུ་བར་ཕྱིན་པས། ཞིང་ཁྱིམ་སྤྲོ་སྐྱིད་ཁང་རྒན་རྒོན་ཚོའི་རང་ཁྱིམ་ལྟ་བུར་གྱུར་འདུག དུས་རྒྱུན་རྒན་རྒོན་ཚོ་དེ་གར་འཛོམས་ཏེ་ཅི་འཕྲོས་མོལ་འཕྲོས་བྱས་ནས་སྡོད་ཀྱི་ཡོད་ཅེས་བརྗོད།

    སྨན་གླིང་རྫོང་ནི་ས་རྒྱ་ཆེ་ལ་ས་རྒྱུ་དང་རང་བྱུང་ཆ་རྐྱེན་ཤིན་ཏུ་ལེགས་པའི་རྫོང་ཞིག་ཡིན་ཞིང་། རྫོང་དེའི་རིམ་ཁག་སྲིད་གཞུང་གིས་རང་བྱུང་ཆ་རྐྱེན་ལ་དམིགས་ཏེ། འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་བར་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད། ཨོ་རོང་གྲོང་ཚོས་མང་ཚོགས་ཀྱི་ཡོང་འབབ་འཕར་ཆེད། ཆེད་མངགས་ས་ཆ་མུའུ་75.03ཧྲེང་ཧྲེ་ཀུང་སིར་བོགས་མར་བཏང་ནས་ཀུ་ཤུ་འདེབས་ཀྱི་ཡོད་ཅིང་། ལོ་རེར་མུའུ་རེ་ནས་ཡོང་འབབ་སྒོར་900ཡོང་གི་ཡོད་པ་དང་། ཁྱོན་ལོ་རེར་ཡོང་འབབ་སྒོར་67527ཡོད་པ་རེད།

    ཏང་གི་ཡང་དག་པའི་སྲིད་ཇུས་དང་རིམ་པ་གོང་མའི་ཐུགས་ཁུར་འོག མང་ཚོགས་རྣམས་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་འགོ་ཚུགས་ཤིང་། མ་འོངས་པར་མང་ཚོགས་ཀྱི་བདེ་རྩ་སྔར་བས་ཆེ་རུ་འགྲོ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།