ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་ཕྱུག་པོར་གྱུར་པའི་དཔེ་སྟོན་གྲོང་ཚོ།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྣེའུ་ཤང་སྟག་གདོང་གྲོང་ཚོའི་འཕེལ་རྒྱས་སྐོར་བཀོད་པ།
རྒྱལ་ཁབ་རིམ་པ་དང་བོད་རང་སྐྱོང་ལྗོངས་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པའི་སྟག་གདོང་གྲོང་ཚོའི་རྒྱལ་སྒོ
དབྱར་གྱི་དཔལ་ཡོན་བཞད་པའི་སྟག་གདོང་གྲོང་ཚོ།
སྟག་གདོང་གྲོང་ཚོའི་ཁམ་བུའི་ལྡུམ་རའི་ལས་མིས་ཁམ་བུ་འཐུ་བཞིན་པ།
སྟག་གདོང་གྲོང་ཚོའི་ཁམ་བུའི་ལྡུམ་རའི་ཁམ་བུ་ཉོ་ཚོང་ས་ཚིགས།
སྟག་གདོང་གྲོང་ཚོའི་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་གླིང་ཁ།
གསར་འགོད་པ་ལྷ་ས་གྲོང་ཁུལ་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་18ཙམ་བསྐྱོད་རྗེས། སྟོད་ལུང་བདེ་ཆེན་ཆུས་སྣེའུ་ཤང་སྟག་གདོང་གྲོང་ཚོར་འབྱོར། སྔོ་བསངས་ནམ་མཁའ་དང་། དྲོ་ཞིང་འཇམ་པའི་ཉི་འོད། ཤང་ཤང་དུ་རྒྱུག་པའི་ཆུ་མོ། རབ་ཏུ་མཛེས་པའི་སྤང་ལྗོངས་དང་རྩྭ་རྩི་ཤིང་གིས་བརྒྱན་པའི་གྲོང་ཚོར་དབྱར་གྱི་དཔལ་ཡོན་བཞད་ནས་མཛེས་རིས་ཤིག་དང་གཉིས་སུ་མ་མཆིས། གྲོང་ཚོ་དེར་ཞིང་པའི་ཚོགས་ཆུང་བདུན་དང་འབྲོག་པའི་ཚོགས་ཆུང་གཅིག་ལ་ཁྱོན་དུད་ཁྱིམ་250དང་མི་གྲངས་842འདུག ཕྱུགས་རིགས་མགོ་གྲངས་5400ལྷག་ཙམ་དང་། རྨོ་ཞིང་མུའུ་1906.63ཟིན་པ་དེ་མི་རེར་ཆ་སྙོམས་རྒྱ་ཁྱོན་མུའུ་2.3ཟིན་གྱི་ཡོད། སྒེར་གཉེར་དུད་ཚང་21ཡོད་པའི་ནང་ཇ་ཁང་དང་ཚོང་ཁང་གཉེར་མཁན་དུད་ཚང་16དང་ཚོང་ཁང་ཁོ་ན་གཉེར་མཁན་དུད་ཚང་5ཡོད་ཅིང་། 2022ལོའི་ལོ་མཇུག་བར་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་19000ཡན་ཟིན་གྱི་ཡོད་པ་རེད།
ལྗང་མདོག་འཕེལ་རྒྱས་ལམ་བུར་བསྐྱོད། མཛེས་སྡུག་ལྡན་པའི་གྲོང་གསེབ་བཏོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས“བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་ནས་ས་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོ་རྒྱུན་མཐུད་སྤེལ་བཞིན་ཡོད་པ་དང་། “རི་སྔོན་ཆུ་དྭངས”དེ“གསེར་རི་དངུལ་རིར”བསྒྱུར་བའི་ལག་ལེན་ཁྲོད། སྟག་གདོང་གྲོང་ཚོའི་མང་ཚོགས་ཚོས་ཀྱང་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་ཀར་ཚ་ཚ་འུར་འུར་ངང་ཞུགས་བཞིན་ཡོད་པ་རེད། ས་སྐྱེས་རྡོ་སྐྱེས་ཡིན་པའི་གྲོང་ཚོའི་ཀྲུའུ་རེན་བསྟན་འཛིན་ནོར་བུས་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས། “དེ་སྔ་ང་ཚོ་ཞིང་འབྲོག་ལས་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཞིང་ཁ་རི་འདབས་སུ་ཆགས་པ་དང་། བྱེ་ས་ཡིན་པས་ཐོན་འབབ་ཉུང་བའི་ཁར་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། གཏན་འཇགས་ཀྱི་ཡོང་སྒོ་མེད་པས་མང་ཚོགས་ཚོའི་འཚོ་བའི་འཁོས་ཀ་ཡང་ཧ་ཅང་ཞན་པོ་ཡོད། 2016ལོ་ནས་བཟུང་ང་ཚོའི་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་སྟག་གདོང་གྲོང་ཚོར་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས། ད་ཆ་གྲོང་ཚོའི་ཉེ་འཁོར་གྱི་རི་བོ་ཚང་མར་ལྗང་མདོག་གི་གོས་ཀྱིས་བཀླུབས་པ་དང་། ཉེ་འདབས་ཀྱི་ཆུ་ཕྲན་ཡང་རྒྱས་ནས་ཅ་ཅོ་སྒྲོག་བཞིན་ཡོད་པ་མ་ཟད། རི་ཀླུང་ཐང་གསུམ་དུ་རྩྭ་རྩི་ཤིང་དང་མེ་ཏོག་དང་ཁམ་སྡོང་གིས་ཁེངས་ཡོད། ལྷག་པར་དུ་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་གྲོང་ཚོའི་སྒོ་འགྲམ་ན་ཡོད་པའི་མཐུན་རྐྱེན་བཟང་པོར་བརྟེན་ནས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད”ཅེས་ཁོང་རང་གིས་མིག་མཐོང་ལག་ཟིན་བྱུང་བའི་སྟག་གདོང་གྲོང་ཚོའི་འགྱུར་ལྡོག་དག་ང་ཚོར་ལྷུག་པོར་བརྗོད།
མིག་སྔའི་བར། སྟག་གདོང་གྲོང་ཚོར་སྔ་རྗེས་སུ“ཀྲུང་གོའི་གྲོང་ཚོ(གྲོང་རྡལ)མཛེས་ཤོས”དང་། “ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོའི་ལོ་རྒྱུས་ཀྱི་གནའ་གྲོང” “རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་གྲོང་ཚོ” “ཀྲུང་གོའི་གྲོང་གསེབ་ཡུལ་སྐོར་མངོན་འགྱུར་དཔེ་སྟོན་རྟེན་གཞི”སོགས་རྒྱལ་ཁབ་རིམ་པ་དང་བོད་རང་སྐྱོང་ལྗོངས་རིམ་པའི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། ད་ཆ་སྟག་གདོང་གྲོང་ཚོས“ཐོན་སྐྱེད་གོང་འཕེལ་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་དམིགས་ཚད་ལ་དམ་པོར་གཞིགས་ནས་གྲོང་གསེབ་དར་རྒྱས་ཀྱི་བོད་ཀྱི་དཔེ་མཚོན་བཏོད་པ་རེད།
ཡུལ་སྐོར་འཕེལ་རྒྱས་ལམ་བུར་བསྐྱོད། མང་ཚོགས་ཡོང་སྒོ་མང་དུ་སོང་།
སྟག་གདོང་གྲོང་ཚོས་དམངས་སྲོལ་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་གོང་མཐོར་གཏོང་ཆེད། གླིང་ཁའི་དཔལ་འབྱོར་དང་དེ་བཞིན་རི་བོ་དང་། ནགས་ཚལ། རྩྭ་ཐང་སོགས་རང་བྱུང་སྐྱེ་ཁམས་ཐོན་ཁུངས་དང་ཚངས་དབྱངས་རྒྱ་མཚོའི་ཕོ་བྲང་སོགས་གནའ་ཤུལ་ལོ་རྒྱུས་ཐོན་ཁུངས་སྤྱད་ནས། ཆུ་འགྲམ་གྱི་ཟ་ཁང་དང་། བདེ་སྐྱིད་གླིང་ཁ། འཁོར་ཁྲིད་ཡུལ་སྐོར་བའི་སྒར་ས། ཁམ་བུའི་ལྡུམ་ར། མུའུ་སྟོང་གི་མེ་ཏོག་ལྡུམ་ར། ཆུ་ཚན་མྱོང་རོལ་ལྟེ་གནས་སོགས་མཛེས་ལྗོངས་ཁུལ་དང་དེ་བཞིན་བོད་ཁྱིམ་སྤྲོ་སྐྱིད་ཁང་སོགས་ཡུལ་སྐོར་རྣམ་གྲངས་ཕུན་སུམ་ཚོགས་སུ་བཏང་བ་དང་། བཞོན་མ་གསོ་ཚགས་ར་བ་སོགས་ཁྱད་ལྡན་ཐོན་ལས་གོང་འཕེལ་བཏང་ནས་ཞོ་དང་མར་སོགས་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་སྟོབས་ཆེར་གཏོང་བ་དང་ཆབས་ཅིག རང་གཤིས་ཅན་དང་། ཁྱད་ཆོས་ཅན། ཁྱད་པར་ཅན་གྱི་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཁྱད་ལྡན་གྱི་རིག་གནས་ཡུལ་སྐོར་ལྟེ་བར་འཛིན་པ་དང་ཞིང་འབྲོག་ལས་དང་སྲོལ་རྒྱུན་ལག་ཤེས་བཟོ་ལས་མཉམ་འགུལ་འཕེལ་རྒྱས་ཡོང་བར་བྱས་ནས། “ཡིད་དབང་འཕྲོག་པའི་སྟག་གདོང”གི་སྤུས་རྟགས་ཡུལ་སྐོར་ཁུལ་བསྐྲུན་པ་རེད།
ཕ་ཡུལ་ཀན་སུའུ་ནས་ཡིན་པའི་ཏུའོ་མིང་ལན་ནི་གྲོང་ཚོས་གདན་དྲངས་པའི་དམངས་སྲོལ་ཡུལ་སྐོར་ཚད་ཡོད་ཀུང་སིའི་གཉེར་སྐྱོང་ཅིང་ལི་ཡིན། ཁོང་གིས“2016ལོ་ནས་ད་བར། སྟག་གདོང་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་134.5ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2639.9བྱུང་བ། སྔ་རྗེས་སུ་མི་གྲངས་824ལས་ཞུགས་ཐུབ་པ། ལས་བཟོའི་གླ་ཕོགས་སྒོར་ཁྲི་1804.8སྤྲད་ཡོད”ཅེས་ཇི་མ་ཇི་བཞིན་ང་ཚོར་ངོ་སྤྲོད་བྱས་བྱུང་།
སྟག་གདོང་གྲོང་ཚོའི་རྒྱལ་སྒོའི་གཡོན་དུ་ཁམ་བུའི་ལྡུམ་ར་ཞིག་ཡོད་པ་དང་ཚུལ་ཁྲིམས་བཟང་མོ་ནི་དེའི་འགན་འཁུར་བ་རེད་འདུག ཚུལ་ཁྲིམས་བཟང་མོས་ང་ཚོ་གསར་འགོད་པ་ཡིན་པ་ཤེས་འཕྲལ་ང་ཚོའི་འགྲམ་དུ་ཡོང་སྟེ་ཁམ་བུའི་ལྡུམ་ར་ངོ་སྤྲོད་བྱས་བྱུང་། ཁོང་གིས“ང་རང་2017ལོར་ཁམ་བུའི་ལྡུམ་རའི་འགན་འཁུར་བར་བསྐོས་པ་ནས་བཟུང་། ལས་མི་ཚོའི་སྣེ་ཁྲིད་ནས་མུའུ་50དང་ཁམ་སྡོང་རྐང་1500ལྷག་ཙམ་ཡོད་པའི་ཁམ་བུའི་ལྡུམ་རའི་བདག་སྐྱོང་དང་ཚོང་གཉེར་གྱི་ལས་ཀ་བྱས་པ་ཡིན། ང་ཚོའི་ཁམ་བུར་རྫས་འགྱུར་གྱི་རྒྱུ་ཆ་གང་ཡང་མེད་པས་མི་མང་པོས་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད། “དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར”ཞེས་པའི་དཔེ་ལྟར་དུས་ཆེན་དང་གུང་གསེང་། ལྷག་པར་དུ་གཟའ་མཇུག་ལ་ཁམ་བུ་ཉོ་བར་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་དང་ཁྱིམ་བདག་གིས་ཕྲུ་གུ་འཁྲིད་དེ་ཁམ་བུའི་ལྡུམ་རར་ཁམ་བུ་ཉོ་བར་ཡོང་མཁན་དེ་བས་མང་པོ་འདུག སྤྱིར་བཏང་ཉིན་རེར་ཡོང་འབབ་སྒོར་ཆིག་སྟོང་ལྷག་ཙམ་ཡོད་པ་དང་ཚོང་ཡག་པའི་དུས་སུ་ཉིན་གཅིག་ལ་ཡོང་འབབ་སྒོར་བཞི་སྟོང་ཙམ་ཡོང་གི་ཡོད་པ་རེད།
སྟག་གདོང་གྲོང་ཚོར་ཡུལ་སྐོར་ལ་ཡོང་མཁན་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་ལ་དགའ་པོ་བྱེད་ཀྱི་ཡོད། ཕ་ཡུལ་ལྷོ་ཁ་ནས་ཡིན་པའི་གྲ་ཕྱི་རྣམ་སྲས་གླིང་ཟ་ཁང་གི་སྦྱིན་བདག་སྒྲོལ་མ་སྟག་གདོང་གྲོང་ཚོར་སླེབས་ནས་ལོ་3ཙམ་སོང་འདུག སྦྱིན་བདག་སྒྲོལ་མར་མ་བྱན་གྱི་ལག་ཁྱེར་ཡོད་པས། སྟག་གདོང་གྲོང་ཚོར་ཟ་ཁང་བཙུགས། གྲོང་ཚོར་ཁོང་གི་ཟ་ཁང་གི་ཟས་རིགས་སྣེ་ཁ་འཛོམས་ཤོས་དང་བྲོ་བ་ཆེ་ཤོས་ཡིན་པས། གྲོང་མི་ཙམ་མ་ཟད་ཡུལ་སྐོར་བས་ཀྱང་དགའ་པོ་བྱེད་ཀྱི་ཡོད། སྦྱིན་བདག་སྒྲོལ་མས“ཟ་ཁང་ཆུང་ཆུང་ཡིན་ཡང་ཚོང་ཡག་པོ་འདུག ངའི་ཟ་ཁང་ནང་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད་པས། ཟ་ཁང་གི་གཙང་སྦྲར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ། ཟས་རིགས་ཚང་མ་སོས་པ་དང་བྲོ་བ་ཆེན་པོ་ཡོད”ཅེས་བཤད།
ཤེས་ལྡན་མི་སྣའི་དཔུང་ཁག་རྒྱས། གྲོང་གསེབ་དར་རྒྱས་དོན་དུ་གཉེར།
གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་སྐོར་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པར་ངེས་པར་དུ“ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་ཞེན། ཞིང་པར་དགའ་ཞེན་བཅས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་དགོས”ཞེས་བསྟན་ཡོད་པ་རེད།
གསར་འགོད་པ་སྟག་གདོང་གྲོང་ཚོའི་གཅིག་འཐུས་རྣམ་པའི་ཞབས་ཞུའི་ལྟེ་གནས་སུ་འབྱོར་སྐབས། རྟ་མགྲིན་བསོད་ནམས་མང་ཚོགས་ཚོའི་ལས་སྒོ་གཉེར་བར་བྲེལ་བཞིན་འདུག མང་ཚོགས་ཀྱི་གནད་དོན་ཐག་ཆོད་རྗེས། ཁོང་གིས་ཁོམ་པ་ཕྲན་ཙམ་བཙལ་ནས་ང་ཚོའི་བཅར་འདྲི་དང་ལེན་བྱས་བྱུང་། ཁོང་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་མི་སྣའི་ཡིག་རྒྱུགས་འཕྲོད་ནས་སྟག་གདོང་གྲོང་ཚོར་སླེབས་པའི་སློབ་ཆེན་སློབ་ཐོན་སློབ་མ་ཞིག་རེད། ཕ་ཡུལ་འདམ་གཞུང་ནས་ཡིན་པའི་རྟ་མགྲིན་བསོད་ནམས་སྟག་གདོང་གྲོང་ཚོར་ལས་ཀར་སླེབས་པའི་ཉིན་དང་པོར་སྟག་གདོང་གྲོང་ཚོའི་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་མཉམ་ལས་དཔལ་འབྱོར་འཕེལ་རྒྱས་ལ་ཧང་སངས།
གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་མི་སྣ་ཞིག་ཡིན་པའི་རྟ་མགྲིན་བསོད་ནམས་ཀྱིས“2022ལོར་སྟག་གདོང་གྲོང་ཚོས། ‘མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས’ཞེས་པའི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ནས། གྲོང་མིའི་ཁང་པ་རེར་མཐོ་གསར་ཁུལ་གྱིས་ཁ་གསབ་70%དང་མང་ཚོགས་ཀྱིས་རང་གྲབས་30%བྱས་ནས་གྲོང་མིའི་སྡོད་ཁང་ལ་སྒྱུར་བཀོད་བྱས་ཤིང་། 2021ལོར་དུད་ཚང་10དང་2022ལོར་དུད་ཚང་150ལ་ཁང་པ་གསར་པ་བརྒྱབ་ཡོད། 2023ལོར་དུད་ཚང་ལྷག་མ་རྣམས་ལ་ཁང་པ་གསར་པ་རྒྱག་རྒྱུ་རེད། རྣམ་གྲངས་ལག་བསྟར་བྱས་པ་དེས་ང་ཚོའི་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་ལ། གྲོང་ཚོ་ཧྲིལ་པོའི་རྣམ་པ་ཡང་གསར་པ་ཞིག་ཏུ་གྱུར་ཡོད”ཅེས་བཤད་བྱུང་།
ཞབས་ཞུའི་ལྟེ་གནས་ནས་ཁ་བྲལ་རྗེས་མུ་མཐུད་གྲོང་ཚོར་སྐྱོད་སྐབས། མགྲོན་ཁང་Aཁུལ་དང་Bཁུལ། གླིང་ཁ། སྟག་གདོང་ཆུ་ཚན་བཅས་རིམ་པ་བཞིན་ང་ཚོའི་མིག་ལམ་དུ་འཆར། དེ་ནི་སྟག་གདོང་གྲོང་ཚོའི་ཆུ་ཚན་དང་། མགྲོན་ཁང་། གླིང་ཁ་བཅས་ཟུང་དུ་འབྲེལ་བའི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཡིན་པ་རེད། ང་ཚོ་གྲོང་ཚོའི་ཤར་ངོས་སུ་གནས་པའི་སྟག་གདོང་ཆུ་ཚན་དུ་འབྱོར་སྐབས་འགན་འཁུར་བ་བཀྲ་ཤིས་ཚེ་རིང་གིས་སྣེ་ལེན་བྱས། ཁོང་2019ལོར་ནན་ཅིང་དམིགས་བསལ་སློབ་གསོའི་དགེ་འོས་སློབ་གྲྭ་ནས་ཐོན་རྗེས་གྲོང་ཚོར་རང་ཉིད་དང་འདྲ་བའི་སློབ་གྲྭ་ཆེ་མོ་བ་དགོས་མཁོ་ཆེན་པོ་ཡོད་པ་ཤེས་ནས། སྔོན་མ་སློབ་གྲྭ་ཆེན་མོ་ཐོན་རྗེས་གྲོང་ཁྱེར་ཆེན་པོར་ལས་ཀ་བྱེད་པའི་བསམ་བློ་དོར་ནས་རང་གི་ཕ་ཡུལ་དུ་ལོག བཀྲ་ཤིས་ཚེ་རིང་གིས“ང་རང་གྲོང་ཚོ་དེ་རང་ནས་ཡིན། འདིར་ལས་ཞུགས་ཐུབ་སྟེ་ཁྱིམ་དང་ཐག་ཉེ་པོ་ཡོད་པས་ཕ་མར་ལྟ་རྟོག་ཐུབ་ཀྱི་འདུག ཕ་ཡུལ་གྱི་འཕེལ་རྒྱས་ལ་རང་ནུས་ཏོག་ཙམ་འདོན་ཐུབ་ན་བསམས་ཏེ་ལས་ཀར་ཞུགས་པ་ཡིན། མགྲོན་ཁང་ནང་ང་དང་འདྲ་བའི་གྲོང་མི་18ལས་ཞུགས་ཐུབ་ཡོད། ངས་དང་ཐོག་མགྲོན་ཁང་གི་ལས་མི་དཀྱུས་མ་ནས་འགོ་བརྩམས་པ་ཡིན། ད་ཆ་མགྲོན་ཁང་གི་འགན་འཁུར་བ་ཡིན། ལོ་རེའི་ཟླ་5པ་ནས་11བར་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚོད་ཡིན་པས། མགྲོན་ཁང་གི་ཁང་པ་སྔོན་མངགས་བྱེད་དགོས་ཀྱི་ཡོད། མགྲོན་ཁང་ལ་ཁང་མིག་60ཡོད་ཀྱང་དེ་དག་གིས་འདང་གི་མི་འདུག”ཅེས་བཤད། ཁོང་གིས་གསར་འགོད་པར་མ་འོངས་ཀྱི་འཆར་གཞིའི་སྐོར་གླེང་སྐབས། “ད་ལྟའི་གྲོང་གསེབ་ཡུལ་སྐོར་གཉེར་བའི་རྨང་གཞིའི་ཐོག ལུས་གསོ་དང་རིག་གནས་སོགས་ཟུང་འབྲེལ་གང་ཐུབ་བྱས་ནས་གྲོང་གསེབ་ཡུལ་སྐོར་ཁྱད་ལྡན་ཅན་དང་། ཐོན་ལས་ཅན། སྤུས་རྟགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་ཀྱི་ཡིན”ཞེས་བརྗོད།
“མཁས་པའི་གཤོག་པ་ཡོན་ཏན་དང་། ཡོན་ཏན་ཡོད་པ་མ་སྤྱད་ན། ཞིང་ལ་སོ་ནམ་མ་བྱས་འདྲ”ཟེར་བའི་དཔེ་ལྟར། སྟག་གདོང་གྲོང་ཚོས་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད། གནས་ཐུབ་པ་བཅས་ཟུང་འབྲེལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ཤིང་། དེ་བས་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་ཆེད། སྟག་གདོང་གྲོང་ཚོའི་ཐོན་ལས་གོང་འཕེལ་དང་། ཁོར་ཡུག་སྲུང་སྐྱོང་། གྲོང་མིར་འབབ་འཕར། ཡུལ་སྐོར་ཞབས་ཞུ་ལེགས་གཏོང་སོགས་ཕྱོགས་མང་པོ་ནས་སྔར་བས་འབད་འབུངས་བྱེད་བཞིན་ཡོད་པ་རེད།