དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • འཇུན་པ་ཨེ་ཡིན་འཇོན་པོ་ཡིན་བཟོ་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཚེ་བརྟན་གཡུ་སྒྲོན། དཔལ་མཆོག སྤེན་པ།   |     སྤེལ་དུས།  2023-06-20

    འདི་ནི་མཉམ་ལས་ཁང་གི་འགན་འཁུར་བ་ཉི་མས་ཀོ་ཆས་ངོ་སྤྲོད་བྱེད་བཞིན་པ།

    འདི་ནི་མཉམ་ལས་ཁང་གིས་བཟོས་པའི་ཀོ་གྲུ་ཡིན་པ།

    འདི་ནི་རྔོན་འབག་ཆུང་ཆུང་ཡིན་པ།

    དབྱར་གྱི་དཔལ་ཡོན་ཡོངས་སུ་བཞད་ནས་གང་སར་སྔོ་ལྗང་ལྗོན་ཤིང་གི་གཡུ་ལོས་བརྒྱན་ཅིང་མཚར་སྡུག་མེ་ཏོག་རྣམ་པར་བཞད། ངེད་བཅར་འདྲི་ཚོགས་ཆུང་ལྷ་ས་ནས་སྐྱིད་ཆུའི་བཞུར་རྒྱུན་དེད་དེ་ལྷོ་ཕྱོགས་སུ་ལེ་དབར་བཞི་བཅུ་ཙམ་ཆོད་པའི་འཇུན་པ་གྲོང་ཚོར་སྐྱོད་པའི་ལམ་བར་དུ་མྱུར་བགྲོད་གཞུང་ལམ་རྒྱུད་ཀྱི་ཡུལ་ལྗོངས་དང་། ཁྱད་ལྡན་བོད་བཟོའི་བཀོད་པ་ལེགས་པའི་སྡོད་ཁང་དེ་ཚོས་ཡིད་དབང་ཅིག་ཅར་འཕྲོག

    ཕྱོགས་གསུམ་རི་བོས་བསྐོར་ཞིང་གཞོགས་གཅིག་གཙང་པོས་ཆོད་པ་ནི་འཇུན་པ་གྲོང་ཚོའི་ས་བབ་ཀྱི་ཁྱད་ཆོས་རེད། ཁྱད་ཆོས་འདི་ལས་བོད་ཀྱི་གྲོང་ཚོ་གཞན་དང་མི་འདྲ་བའི་ཐོན་སྐྱེད་ཀྱི་རྣམ་པ་ཡང་ཐུན་མིན་ཞིག་ཡོད་པ་ནི། ཞིང་ལས་བྱེད་པའི་ས་རྒྱ་ཆེན་པོ་མེད་པས་ཉ་ལས་ལ་འཇུག་པ་དེ་རེད། ཤོད་སྲོལ་ལྟར་ན་འཇུན་པ་གྲོང་ཚོ་ནི་བོད་བཙན་པོའི་སྐབས་ནས་གནས་དེར་ཆགས་ཤིང་། དུས་རབས་བཅུ་བདུན་པའི་དུས་མཇུག་དང་དུས་རབས་བཅོ་བརྒྱད་པའི་དུས་འགོ་ནས་གནས་དེར་ཉ་ལས་ཐོན་སྐྱེད་བྱེད་ཀྱི་ཡོད་པར་གྲགས་ཤིང་། འཇུན་པ་གྲོང་ཚོ་ནི་བོད་ལྗོངས་ཀྱི་ས་ཁོངས་སུ་ཉ་ལས་ལ་བརྟེན་ནས་འཚོ་བའི་གྲོང་ཚོ་ཆེས་ཉུང་ཤས་ཀྱི་གྲས་ཤིག་རེད།

    ས་བབ་ཆགས་སྟངས་ཀྱིས་རྐྱེན་པས་བོད་རྙིང་པའི་སྐབས་སུ་འགྲིམ་འགྲུལ་སྟབས་བདེ་མེད་ལ་མི་འབོར་མང་བ་དང་། དཔྱ་ཁྲལ་སྣ་ཚོགས་འཇལ་དགོས་པ་མ་ཟད་འབབ་ཁུངས་མེད་སྟབས། ཉ་ལས་ལ་འཇུག་པ་ནི་ཁོ་ཚོའི་གདམ་ག་ཡག་ཤོས་སུ་གྱུར། ཉ་ལས་ལ་འཇུག་པའི་གྲོང་ཚོ་ཞིག་ལ་ཆ་མཚོན་ན་ཀོ་གྲུ་ནི་ཉ་འཛིན་བྱེད་ཀྱི་ཡོ་བྱད་མེད་དུ་མི་རུང་བ་ཞིག་ཡིན་ལ། གཙང་པོ་སྒྲོལ་བྱེད་ཀྱི་འགྲིམ་འགྲུལ་ཡོ་བྱད་གཅིག་པུ་དེ་རེད། དེ་སྔ་འཇུན་པ་གྲོང་ཚོའི་ཁྱིམ་ཚང་ཚང་མར་ཀོ་གྲུ་རེ་ཡོད་པ་དང་གྲོང་ཚོའི་དུད་ཁྱིམ་བརྒྱ་ཆ་བདུན་ཅུ་ཙམ་ཀོ་ཆས་ཀྱི་ལས་ལ་འཇུག་གི་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་སྟབས། ཀོ་གྲུ་ནི་འཇུན་པ་གྲོང་ཚོ་དང་ཕྱི་ཕྱོགས་འབྲེལ་བ་བྱེད་པའི་ཐབས་ལམ་འབའ་ཞིག་དེ་རེད། གྲོང་ཚོ་གཞན་དང་གྲོང་ཁྱེར་དུ་ཚོང་ལས་ལ་སྐྱོད་པའམ་ཡང་ན་ལས་དོན་གཞན་སྒྲུབ་པ། ཐ་ན་སྨན་པ་བསྟེན་པར་སྐྱོད་དགོས་ཀྱང་རང་ཉིད་ཀྱི་ཀོ་གྲུ་སྒལ་པར་ཁུར་ནས་གཙང་པོ་སྒྲོལ་དགོས། 2005ལོར་ཟམ་པ་གཉིས་དང་ཕུག་ལམ་གཅིག་སྟེ། ལྷ་སའི་སྐྱིད་ཆུ་དང་ཡར་ཀླུང་གཙང་པོ་སྒྲོལ་བའི་ཟམ་པ་གཉིས་དང་ལྷོ་ཁ་དང་ལྷ་ས་འབྲེལ་བའི་ཕུག་ལམ་གཅིག་བསྐྲུན་པས། འཇུན་པ་གྲོང་ཚོའི་འགྲིམ་འགྲུལ་ཡང་སྟབས་བདེ་རུ་ཕྱིན་ནས་ཀོ་གྲུ་སྒལ་པར་ཁུར་ནས་གཙང་པོ་སྒྲོལ་བ་ལོ་རྒྱུས་སུ་གྱུར་ཡོད།

    མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ།

    སྤྱི་ཚོགས་འཕེལ་རྒྱས་དང་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་དང་བསྟུན། ད་ཆ་འཇུན་པ་གྲོང་ཚོ་ནི་གཞན་གྱིས་ཆ་རྒྱུས་མེད་པའི་སྦས་ལུང་ཞིག་ནས་ཕྱི་ཕྱོགས་དང་འབྲེལ་འདྲིས་ཆེ་ལ་ཡུལ་སྐོར་ཐོན་ལས་ཕུན་སུམ་ཚོགས་པའི་གནས་ཤིག་ཏུ་གྱུར་ཡོད། འཇུན་པ་གྲོང་ཚོ་ཡང་དེ་སྔ་ལྟར་གྱི་ཉ་ལས་གཅིག་པུ་མིན་པར། ཡུལ་སྐོར་དང་ཀོ་ཆས་ཀྱི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་ཆས་དང་ཆས་མུས་རེད།

    མི་རབས་ནས་མི་རབས་བར་ཀོ་ཆས་ཀྱི་ལས་ལ་འཇུག་མཁན་ཉི་མའི་ངོས་ནས་བརྗོད་ན། ཀོ་ཆས་བཟོ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད་པ་ནི་ཁོང་གི་གདམ་ག་ཡག་ཤོས་ཤིག་རེད་ལ། རང་ཉིད་ཀྱི་མེས་པོ་ནས་བརྒྱུད་ཡོང་པའི་ལག་ཤེས་བཟོ་རྩལ་དེ་ཡང་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བར་བྱེད་པ་ནི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། 2013ལོའི་གོང་དུ་ཁྱིམ་གྱི་འཁོས་ཀ་ལེགས་སུ་གཏོང་ཆེད་ཉི་མས་ལོ་ལྟར་རང་ཉིད་ཀྱིས་བཟོས་པའི་ཀོ་ཆས་རྣམས་ལྷ་སར་འཚོང་བར་སྐྱོད་ཀྱི་ཡོད། སྐབས་དེ་དུས་གནས་གཏན་འཁེལ་མེད་པར་རྟག་ཏུ་ཁྲོམ་གཞུང་ཁག་ཏུ་ཀོ་ཆས་འཚོང་བར་འགྲོ་དགོས་ཀྱི་ཡོད། འོན་ཀྱང་ཚོང་རྟགས་མེད་པ་དང་མང་ཚོགས་ཀྱིས་འཇུན་པའི་ཀོ་ཆས་ལ་རྒྱུས་མངའ་མེད་སྟབས་ཚོང་ཡང་རྒྱུག་པོ་དེ་ཙམ་མེད། གནད་དོན་དེར་གཞིགས་ནས་མཉམ་ལས་ཁང་ཞིག་བཙུགས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀོ་ཆས་འཚོང་བའི་ལམ་དུ་འཇུག་པའི་འདུན་པ་ཉིན་རེ་བཞིན་དྲག་ཏུ་སོང་།

    2013ལོར་ཉི་མས་རང་ཉིད་ཀྱི་བསམ་ཚུལ་རྣམས་ཁོང་གི་གཅེན་པོ་ཚེ་རིང་དང་གཅུང་པོ་ཐུབ་བསྟན་ཆོས་འཕེལ་ལ་ལྷུག་པོར་རྗོད་སྐབས། ཁོང་གཉིས་ཀྱི་མོས་མཐུན་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཅིང་། དེས་ན་མཉམ་ལས་ཁང་འཛུགས་པའི་མ་རྩར་གཅེན་གཅུང་གསུམ་པོས་མི་རེས་སྒོར་ཁྲི་2རེ་བཏོན་པ་མ་ཟད། མཉམ་ལས་ཁང་འཛུགས་པའི་སྟ་གོན་དང་དེ་འབྲེལ་གྱི་ལས་ལ་གཞོལ་འགོ་ཚུགས།

    ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད་པ།

    2010ལོར་འཇུན་པའི་ཀོ་ཆས་བཟོ་རྩལ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་ཚུད་པ་དང་། 2014ལོར་ཆུ་ཤུར་རྫོང་གུང་གཞོན་སྡེ་ཚོགས་ཀྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག་འཇུན་པ་མི་རིགས་ཀོ་ཆས་ཆེད་བཟོའི་མཉམ་ལས་ཁང་དངོས་སུ་བཙུགས་པ་རེད། མཉམ་ལས་ཁང་གིས་གཙོ་བོ་ཀོ་གྲུ་ཆུང་ཆུང་དང་ཇ་ཁུག རྩམ་ཁུག ལྟོ་ཕད། ཤ་གསུམ(ཤ་གསུམ་ཞེས་པ་ནི་གྲྭ་བཙུན་གྱིས་འཆམ་རྒྱག་དུས་གྱོན་པའི་ལྷམ་ཞིག་ཡིན་པ་དང་། ད་ལྟ་ཁྲོམ་རར་འཇུན་པའི་ཀོ་ཆས་ཆེད་བཟོའི་མཉམ་ལས་ཁང་གིས་མ་གཏོགས་བཟོ་ཤེས་མཁན་མེད)རྟ་སྒྲོ རྔོན་འབག་ཆུང་ཆུང་། ཤོ་གདན། ཤོ་སྣོད་སོགས་ཀོ་བ་རྒྱུ་ཆར་བྱས་ནས་བཟོ་གི་ཡོད་པ་མ་ཟད། སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་ལ་ཚོན་མདོག་དང་བཟོ་ལྟ་སྣ་ཚོགས་པའི་ཀོ་ཆས་དག་ནི་ཁོང་རྣམ་པས་ལག་པ་ཁོ་ནར་བརྟེན་ནས་བཟོ་གི་ཡོད། འདི་རྣམས་སྤྱོད་ཤེད་ཆེན་པོ་ཡོད་པ་དང་ཁུག་མའི་ནང་ཤ་དང་མར། བོད་སྨན་སོགས་བླུགས་ཚེ་དེའི་བྲོ་བ་མི་ཡལ་བའི་ཁྱད་ཆོས་ཆེན་པོ་ལྡན་པས། མང་ཚོགས་མི་ཉུང་བ་ཞིག་གིས་དགའ་པོ་བྱེད་ཅིང་། མཉམ་ལས་ཁང་གིས་བཟོས་པའི་ཀོ་ཆས་དེ་རྣམས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་ལྗོངས་ནང་ཁུལ་དང་དེ་བཞིན་རྒྱལ་ནང་དང་རྒྱལ་ཕྱི་སོགས་ཕྱོགས་གང་སར་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད།

    ཀོ་ཆས་དག་བཟོ་བར་གཙོ་བོ་བརྒྱུད་རིམ་བཞི་ཡོད་དེ། དང་པོ་ཀོ་བ་མཉེད་པ། དེ་ཡང་ཕྱུགས་ཀྱི་པགས་པ་རྣམས་ཆུའི་ནང་ཉིན་ལྔ་དྲུག་ཙམ་སྦངས་ནས་པགས་པའི་སྟེང་གི་སྤུ་གཙང་མ་བཟོས་རྗེས་ཉི་སྐམ་གཏོང་དགོས་པ་དང་སྣུམ་བྱུགས་ནས་མཉེད་དགོས། གཉིས་པ་ཤོག་དཔེ་བྲེག་པ། ཀོ་ཆས་ཀྱི་བཟོ་ལྟ་ཤོག་དཔེར་འབྲི་བ་དང་དེ་རྗེས་པགས་པའི་ངོས་སུ་བཞག་ནས་ཐིག་རིས་ལྟར་པགས་པ་བྲེག་པ། གསུམ་པ་སྦྱར་འཚེམ་རྒྱག་པ་དང་མཐའ་ཆགས་སྙོམས་པ། བཞི་པ་ཀོ་ཆས་ཀྱི་བཟོ་ལྟ་འདྲ་མིན་ལ་གཞིགས་ནས་འཚེམ་རིས་དང་མདངས་འདོན་པ་བཅས་རེད། ཀོ་ཆས་དག་ལས་སྔ་ནས་ད་བར་རྒྱུན་འཛིན་དང་བཟོ་ལྟར་འགྱུར་བ་མེད་པ་ནི་ཀོ་གྲུ་རེད། ཀོ་གྲུ་ནི་ཕྱུགས་ཀྱི་པགས་པ་དང་ཤིང་ལས་གྲུབ་ཅིང་། དང་ཐོག་པགས་པའི་སྤུ་གཙང་མ་བཟོས་ནས་ཆུར་ཉིན་འགའ་སྤངས་རྗེས་ཉི་སྐམ་བཏང་ནས་སྣུམ་བྱུགས་ཏེ་མཉེད་དགོས། དེ་རྗེས་རྒྱ་ལྕང་གིས་གྲུའི་སྒྲོམ་གཞི་བཟོ་བ་དང་ཤིང་ལ་པགས་པ་གཡོག་པ། པགས་པ་སྒྲོམ་གཞི་ལ་འཚེམ་དགོས་པ་སོགས་གྲུ་གཅིག་བཟོ་བར་ཉིན་བདུན་ཙམ་འགོར་གྱི་ཡོད། དེ་སྔ་གཙང་པོ་སྒྲོལ་བའི་ཀོ་གྲུར་ཕྱུགས་ཀྱི་པགས་པ་བཞི་ཙམ་དགོས་པ་དང་། ད་ལྟ་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་སྒྲིག་བྱེད་ཀྱི་ཀོ་གྲུ་དག་ལ་པགས་པ་གཅིག་ཙམ་ལས་དགོས་ཀྱི་མེད།

    ཉི་མའི་གཅེན་པོ་ཚེ་རིང་ནི་གྲོང་ཚོར་སྐད་གྲགས་ཡོད་པའི་མཉེད་པ་ཞིག་ཡིན་པ་དང་གྲོང་མི་ཚོས་རྣམ་ཀུན་ཆེ་མོ་བ་ཞེས་འབོད་ཀྱི་ཡོད། གྲོང་ཚོའི་དུད་ཚང་བརྒྱ་ཆ་བདུན་ཅུ་ཙམ་ཀོ་ཆས་ཀྱི་ལས་ལ་འཇུག་ཀྱང་། ཀོ་ལས་ཀྱི་བརྒྱུད་རིམ་མི་འདྲ་བ་དང་ལྷུ་ཚིགས་ཁག་ལ་གཞིགས་ནས་དེའི་ཐད་ཀྱི་ཆེ་མོ་བ་གདན་དྲངས་ནས་བཟོ་དགོས་ཀྱི་ཡོད། འོན་ཀྱང་ཚེ་རིང་བརྒྱུད་རིམ་ཆ་ཚང་ལ་བྱང་ཆུབ་པོ་ཡོད་པས། དང་ཐོག་པགས་པ་མཉེད་པ་ནས་མཇུག་གི་འཚེམ་པའི་བར་ཆེ་མོ་བ་གཞན་གདན་དྲངས་དགོས་ཀྱི་མེད། ཀོ་ཆས་གཞན་གྱི་འཆར་འགོད་དང་ཚོན་མདོག་སོགས་ཀྱང་ཚེ་རིང་གིས་འགན་ཁུར་ནས་ཇུས་འགོད་བྱེད་ཀྱི་ཡོད་པས། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པ་དང་། མཉམ་ལས་ཁང་ཀྱང་རང་སྐྱོང་ལྗོངས་རིམ་པའི་འཇུན་པ་ཀོ་ཆས་ཆེད་བཟོའི་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་སྦྱོང་རྟེན་གཞི་དང་། རྫོང་རིམ་པའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞིར་བདམས་པ་རེད།

    མཉམ་ལས་ཁང་བཙུགས་པ་ལས་གྲོང་ཚོའི་དཔལ་འབྱོར་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད་དེ། མཉམ་ལས་ཁང་གིས་གྲོང་ཚོའི་ལས་ཞུགས་མ་ཐུབ་པའི་མི་20ལྷག་ཙམ་གྱི་སྣེ་ཁྲིད་དེ་ཀོ་ཆས་ཆེད་བཟོའི་ལས་ལ་འཇུག་ཅིང་། མི་རེར་ཟླ་རེར་གླ་ཆ་སྒོར་3000ཙམ་ཡོད་པས་ལས་ཞུགས་མ་ཐུབ་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། དང་ཐོག་གི་མི་གསུམ་ནས་ད་ལྟའི་མི་ཉི་ཤུ་ལྷག་ཙམ་ཡོད་པའི་བར་ཉི་མ་དང་ཁོང་གི་གཅེན་པོ་ཚེ་རིང་གིས་མཉམ་ལས་ཁང་གི་འཁོར་རྒྱུག་དང་ལས་གཉེར་བྱེད་སྟངས་ལ་སེམས་ནུས་ཡོད་རྒུ་རྩལ་སྤྲུགས་བཏོན་ཡོད་ཅིང་། ལོ་རེར་ཡོང་འབབ་ཀྱང་སྒོར་ཁྲི་30ལྷག་ཙམ་ཡོང་གི་ཡོད།

    འཇུན་པ་མི་རིགས་ཀོ་ཆས་ཆེད་བཟོའི་མཉམ་ལས་ཁང་གི་འགན་འཁུར་བ་ཉི་མས་བརྗོད་དོན། ད་ལྟ་མི་རིགས་ཀྱི་ཀོ་ཆས་ལག་རྩལ་མི་ཉམས་པའི་ཆེད་ཀོ་ཆས་ཀྱི་ལས་ལ་འཇུག་བཞིན་ཡོད་ལ། མ་འོངས་པར་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་དེང་རབས་ཀྱི་དགོས་མཁོར་གཞིགས་ནས་གསར་བཟོ་བྱེད་ཀྱིན་ཀོ་ཆས་དེ་བས་མང་བ་འདོན་ཐུབ་པ་དང་། གྲོང་ཚོའི་གཞོན་སྐྱེས་རྣམས་ཀྱི་སྣེ་ཁྲིད་དེ་འཇུན་པའི་ཀོ་ཆས་ཡག་ཐོག་ཡག་བརྩེགས་ཡོང་བར་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།