དབུ་ཤོག>པར་མཛོད།>པར་མཁན།
  • བློ་བཟང་དགྲ་འདུལ་དང་ཁོང་གི་ཁང་པ་ལྔ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་། ཧྥེ་མའོ་ཧྭ།   |     སྤེལ་དུས།  2023-06-02

    འདི་ནི་ཟླ་5ཚེས་28ཉིན་པར་བླངས་པའི་བདེ་མཆོག་གྲོང་ཚོའི“ཁང་པ་ཁག་ལྔ་པ”ཡིན་པ།

    འདི་ནི་ཟླ་5ཚེས་28ཉིན་བཀྲ་ཤིས་སྒང་ཤང་གི་ཤང་ཀྲང་གཞོན་པ་བསོད་ནམས་ཚེ་རིང་གིས་གསར་འགོད་པར་བདེ་མཆོག་གྲོང་ཚོའི་ཁང་པ་ཁག་དང་པོ་ངོ་སྤྲོད་བྱེད་བཞིན་པ།

    འདི་ནི་ཟླ་5ཚེས་28ཉིན་བགྲེས་སོང་བློ་བཟང་དགྲ་འདུལ་གྱི་ཚ་བོའི་མནའ་མ་པད་མ་ཉི་སྒྲོལ(གཡོན)གྱིས་རང་ཉིད་སྡོད་སའི་བདེ་མཆོག་གྲོང་ཚོའི“ཁང་པ་ཁག་ལྔ་པའི”སྒོ་རའི་ནང་དུ་གྱོན་ཆས་སྐེམ་བཞིན་པ།

    བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་ལོ་84ལ་སླེབས་པའི་བགྲེས་སོང་བློ་བཟང་དགྲ་འདུལ་ཁྱིམ་གྱི་སྒོ་འགྲམ་གྱི་སྤང་སྟེང་དུ་ཉི་མ་སྲོ་བཞིན་གསར་འགོད་པར་ཁོང་དང་ཁོང་གི་ཁང་པ་ལྔའི་སྐོར་གླེང་སྐབས། “ད་ལྟའི་འཚོ་བ་དེ་སྔ་དང་བསྡུར་ན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་དང་ང་དངོས་གནས་སྐྱིད་པོ་ཡིན་སྙམ་གྱི་འདུག”ཅེས་བཤད།

    “ང་སྐྱེ་ས་འཚར་ས་འདི་གར་ཡིན་པ་དང་ཆུང་དུས་ཞིང་བྲན་ཡིན། ཞིང་བྲན་བདག་པོས་ང་ལ་གང་བྱེད་དུ་བཅུག་ཀྱང་དེ་བྱེད་རྒྱུ་ལས་མ་འདས”བགྲེས་སོང་བློ་བཟང་དགྲ་འདུལ་གྱིས་འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་མནོ་བསམ་གྱི་ཀློང་དུ་ཚུད་ཅིང་། ལོ་བདུན་ཅུ་བརྒྱད་ཅུའི་གོང་གི་གནས་ཚུལ་ད་དུང་ཡང་མིག་ལམ་དུ་གསལ་ལེར་འཆར་གྱི་ཡོད་པ་རེད། ཁོང་གིས“ང་དང་ཨ་མ་གཉིས་མཉམ་དུ་སྦྲ་གུར་དུ་སྡོད་པ་དང་། སྦྲ་གུར་དུ་ཅ་ལག་གང་ཟེར་ཡང་སློག་པ་ཞིག་དང་ཁ་གདན་རྙིང་པ་ཞིག་ལས་མེད། སྦྲ་གུར་དེ་ངའི་ཁང་པ་དང་པོ་དེར་བརྩི་ཆོག་གི་ཡོད་མེད་ངས་ཀྱང་གསལ་པོ་ཤོད་མི་ཤེས། གང་ཡིན་ཟེར་ན། ང་ཚོའི་ཅ་ལག་ཚང་མ་ཞིང་བྲན་བདག་པོར་དབང་གི་ཡོད། ང་དང་ཨ་མ་གཉིས་ཀ་སྦྲ་གུར་དུ་ལོ་མང་པོ་བསྡད་པ་ཡིན”ཞེས་བཤད།

    1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོ་བ་ལྟེ་བར་བྱེད་པའི་དམངས་གཙོའི་བཅོས་སྒྱུར་ཕྱོགས་ཡོངས་ནས་བྱས་པས་གངས་ལྗོངས་ས་མཐོ་ལམ་ལུགས་རྙིང་པའི་ལྕགས་སྒྲོག་ལས་གྲོལ་ནས་ལོ་རྒྱུས་ཀྱི་དུས་རབས་གསར་པར་བསྐྱོད་ཡོད། ལོ་20ལ་སླེབས་པའི་བློ་བཟང་དགྲ་འདུལ་དང་ཞིང་བྲན་ཁྲི་ཚོ་བརྒྱར་རྦད་དེ་བཅིངས་འགྲོལ་ཐོབ་ནས་རང་ཉིད་རང་གི་ལས་དབང་གི་བདག་པོར་གྱུར་ཏེ་བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཐུབ།

    དུས་རབས་20པའི་ལོ་རབས་60པར། ཁྱིམ་མཚེས་ཀྱི་རོགས་རམ་འོག བློ་བཟང་དགྲ་འདུལ་གྱིས་རང་ཉིད་ཀྱི་ཁང་པ་གཉིས་པ་རྒྱག་འགོ་ཚུགས་ཤིང་། དེ་ནི་ས་རྡོ་ལས་གྲུབ་པའི“ཁང་མིག་གཉིས་ཅན”ཞིག་རེད། ཁང་པ་དེ་རིགས་ལ་མི་རྣམས་ཀྱིས་བདེ་མཆོག་གྲོང་ཚོའི་ཁང་པ་ཁག་དང་པོ་ཞེས་བརྗོད་ཀྱི་ཡོད།

    “ཁང་པ་ཁག་དང་པོ་དག་ནི་ས་གནས་དེ་གའི་གྲོང་མིས་རྡོ་རྩིག་གི་རྩིག་རྨང་བཏིང་རྗེས་དེའི་སྟེང་དུ་གྱང་བསླངས་ནས་བརྒྱབ་པ་རེད”ཅེས་བཀྲ་ཤིས་སྒང་ཤང་གི་ཤང་ཀྲང་གཞོན་པ་བསོད་ནམས་ཚེ་རིང་གིས་བརྗོད།

    1990ལོར་བདེ་མཆོག་གྲོང་ཚོ་སྲིད་འཛིན་གྲོང་ཚོར་དངོས་སུ་བསྒྱུར་བ་དང་ཆབས་ཅིག “ཁང་པ་ཁག་གཉིས་པ”སྟེ་ས་དང་ཤིང་ལས་གྲུབ་པའི་ཁང་པ་བརྒྱབ་པ་རེད། ནང་མི་དང་། ཁྱིམ་མཚེས། དེ་བཞིན་མཐའ་སྲུང་འཐབ་འཛིང་བ་བཅས་ཀྱི་ཐུན་མོང་འབད་བརྩོན་འོག་བློ་བཟང་དགྲ་འདུལ་གྱིས་རང་ཉིད་ཀྱི་ཁང་པ་གསུམ་པ་དེ་བརྒྱབ་པ་རེད། སྐབས་དེ་དུས་བདེ་མཆོག་གྲོང་ཚོའི་གྲོང་མི་ཡང་ལོ་20ལྷག་ཙམ་གོང་གི་དུད་ཚང་3ནས་དུད་ཚང་10ལྷག་ཙམ་བར་མང་དུ་སོང་ཡོད། “སྐབས་དེ་དུས་ཤིང་ཆ་དེ་ཙམ་ཡག་པོ་མེད། ཕྲ་ལ་འདྲོང་པོའང་མེད”ཅེས་བགྲེས་སོང་བློ་བཟང་དགྲ་འདུལ་གྱིས་བཤད།

    2006ལོ་ནས་བཟུང་བོད་ཀྱིས་ཞིང་པའི་སྡོད་ཁང་སྒྱུར་བཀོད་དང་། སྐྱས་སྤོས་འབྲོག་པ་གཞིས་ཆགས། དབུལ་སྐྱོར་གནས་སྤོ་བཅས་གཙོ་གནད་དུ་བྱས་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་ཞིང་། 2013ལོའི་ལོ་མཇུག་བར་བོད་ཀྱི་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་278བཏང་བས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་230སྡོད་ཁང་གསར་པར་སྡོད་ཐུབ་ཡོད། 2006ལོར་བློ་བཟང་དགྲ་འདུལ་གྱིས་རང་ཉིད་ཀྱི་ཁང་པ་བཞི་པ་དེ་བརྒྱབ་ཅིང་། དེའང་བདེ་མཆོག་གྲོང་ཚོའི“ཁང་པ་ཁག་གསུམ་པ”སྟེ་ཨར་འདམ་དང་སོ་ཕག་མཉམ་བསྲེས་ཀྱི་ཁང་པ་ཁག་བརྒྱབ་པ་རེད། “ཁང་པ་འདི་ཧ་ཅང་སྐྱིད་པས་ང་དགའ་པོ་ཡོད”ཅེས་བགྲེས་སོང་བློ་བཟང་དགྲ་འདུལ་གྱིས་བརྗོད་ཅིང་། ཁང་པའི་འགྲམ་དུ་སྲིད་གཞུང་གིས་ད་དུང་ཁྲོན་པ་འདྲུ་རོགས་གནང་བས་ཆུ་ལེན་སྐབས་ཀྱང་ཧ་ཅང་སྟབས་བདེ་པོ་འདུག་ཅེས་ཁོང་གིས་བཤད། “ཁང་པ་གསུམ་པར་རྒྱལ་ཁབ་ཀྱིས་མ་དངུལ་ཕྱེད་ཀ་ཁ་གསབ་གནང་བ་དང་ང་ཚོ་གྲོང་མི་རང་ཉིད་ཀྱིས་ཕྱེད་ཀ་བཏོན་པ་རེད”ཅེས་བསོད་ནམས་ཚེ་རིང་གིས་བཤད།

    2012ལོར་བདེ་མཆོག་གྲོང་ཚོའི“ཁང་པ་ཁག་བཞི་པ”སྟེ། ཨར་འདམ་ལྕགས་རྩིབ་ལས་གྲུབ་པའི་ཐོག་གཉིས་མ་སྒོ་ར་རང་འགྲིག་གི་ཁང་པ་བརྒྱབ་པ་རེད། 2017ལོར་ཁྱོན་མ་དངུལ་སྒོར་ཁྲི་1900བཏང་བའི་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད། 2019ལོའི་ཟླ་9ཚེས་29ཉིན་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོ་ཁང་པ་གསར་པར་སྤོ་བའི་མཛད་སྒོ་འཚོགས། བདེ་མཆོག་གྲོང་ཚོའི“ཁང་པ་ཁག་ལྔ་པ”ནི་ཇུས་འགོད་དེ་བས་དེང་རབས་ཅན་དང་། རྒྱ་ཆེ་ལ་དཀར་ཆ་དོད་པ། འཚོ་བའི་ནུས་པ་ཕུན་སུམ་ཚོགས་པའི་ཐོག་གཉིས་མ་དག་ཡིན་པ་དང་དུད་ཁྱིམ་རེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཉིས་བརྒྱ་ལྷག་ཟིན་པ་དང་། སྒོ་ར་རང་འགྲིག་ཅིག་ཡོད། བགྲེས་སོང་བློ་བཟང་དགྲ་འདུལ་གྱི་ཁྱིམ་ཚང་ལ་ཐོག་ཁང་དེ་འདྲ་ཞིག་རག་པ་རེད།

    བགྲེས་སོང་བློ་བཟང་དགྲ་འདུལ་དང་ཁོང་གི་ཁང་པ་ལྔའི་གཏམ་རྒྱུད་ནི་བོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་བསྡུས་རིས་ཤིག་རེད། དེ་སྔའི་ཞིང་བྲན་བློ་བཟང་དགྲ་འདུལ་ད་ཆ་རྒྱལ་ཁབ་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཚེ་མཇུག་གི་འཚོ་བ་བདེ་ལ་རོལ་བཞིན་ཡོད། བགྲེས་སོང་འཚོ་སྡོད་བྱེད་སའི་བདེ་མཆོག་གྲོང་ཚོར་དུས་རབས་20པའི་ལོ་རབས་60པའི་དུད་ཚང་3ནས་ད་ཆ་དུད་ཚང་51བར་མང་དུ་ཕྱིན་པ་དང་། རྡོ་རྩིག་གི“ཁང་པ་ཁག་དང་པོ”ནས་ད་ཆ་སྒོ་ར་རང་འགྲིག་གི“ཁང་པ་ཁག་ལྔ་པའི”བར་ཡག་ཏུ་ཕྱིན་ཞིང་། ཆུ་གློག་ལམ་འཕྲིན་དྲ་བཅས་ལྔ་ཕྱོགས་ཡོངས་ལ་ཁྱབ་ནས་གནས་དེ་ཀྲུང་གོའི་མཐའ་མཚམས་ཀྱི་འཕོ་འགྱུར་ཆེན་པོའི་བསྡུས་རིས་ལ་གྱུར་ནས་དུས་རབས་ཀྱི་འཕོ་འགྱུར་ཟིན་ཐོར་བཀོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།