དགུན་དུས་ཀྱི་ཡར་འབྲོག་གཡུ་མཚོར་གཟིགས་པར་ཕེབས་དང་།
འཚོ་བའི་གོམ་འགྲོས་ཇེ་མགྱོགས་སུ་འགྲོ་བ་དང་བསྟུན་ནས་གྲོང་ཁྱེར་གྱི་མི་རྣམས་སེམས་ངལ་གསོ་བའི་ཕྱིར་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་རྒྱུར་དགའ་པོ་ཡོད། ལྷ་ས་གོང་དཀར་གནམ་ཐང་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་50ལྷག་ཙམ་དབར་མཁའ་ལམ་ཤར་གཏོང་ཐུབ་པས་གཟའ་མཇུག་ལ་བོད་དུ་ཡུལ་སྐོར་བྱེད་པ་དེ་མངོན་སུམ་དུ་གྱུར་ཡོད། ཉིན་གཉིས་སམ་ཐ་ན་ཉིན་གཅིག་ནང་གོང་དཀར་ཆོས་སྡེ་དང་། ཡར་འབྲོག་གཡུ་མཚོ། རི་དོ་དགོན། ཡར་འབྲོག་གཡུ་མཚོའི་ལྗོངས་གཟིགས་སྒང་། ཡར་ཀླུང་གཙང་པོའི་ལུང་གཞུང་བཅས་ཀྱི་མཛེས་ལྗོངས་བསྐོར་ཐུབ།
གོང་དཀར་རྫོང་ལྕེ་ཆུང་གྲོང་ཚོ་ནས་ཡུལ་ཆོས་གྲོང་ཚོ་བརྒྱུད་གོང་དཀར་གྲོང་ཚོའི་བར་གྱི་གཞུང་ལམ་སྒྱུར་བཀོད་རྣམ་གྲངས་ད་ལོའི་ཟླ་དང་པོར་ལས་མཇུག་འགྲིལ་བ་དང་། སྟོང་རྭ་ཤང་འབྲི་ལུང་གྲོང་ཚོ་ནས་གྲ་མ་ལུང་གྲོང་ཚོའི་བར་གྱི་སྔར་ཡོད་ལམ་སྒྱུར་བཀོད་ཀྱི་གོང་དཀར་ལམ་དུམ་ད་ལོའི་ཟླ་6པར་ལས་མཇུག་འགྲིལ་ཡོད། སྣུམ་ནག་ལམ་དེ་གཉིས་ནི་གནམ་ཐང་གི་མཐའ་འཁོར་དང་། ཡར་འབྲོག་གཡུ་མཚོའི་འགྲམ་ངོགས། སྣ་དཀར་རྩེ་རྫོང་བཅས་འབྲེལ་མཐུད་བྱེད་པའི་བགྲོད་ལམ་ཞིག་ཏུ་གྱུར་ཡོད།
“ལྕེ་ཆུང་གྲོང་ཚོ་ནས་ཡུལ་ཆོས་གྲོང་ཚོ་བརྒྱུད་པའི་སྟོང་རྭ་གྲོང་ཚོའི་བར་གྱི་ལམ་དུམ་དེ་ཡར་འབྲོག་གཡུ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་པས། མིག་སྔར་ལོ་གཅིག་ལ་ལམ་དེ་བརྒྱུད་ནས་ཡུལ་སྐོར་དུ་འགྲོ་མཁན་རླངས་འཁོར་20ནས་30བར་ལས་མེད། ང་ཚོས་ལམ་ཐིག་དེ་དྲ་ཐོག་ཏུ་སྐད་གྲགས་ཆེ་བའི་ཡར་འབྲོག་གཡུ་མཚོའི་ལམ་ཐིག་ཤར་མའི་འཁོར་གཏོང་ཡུལ་སྐོར་དང་སྒར་སྡོད་ཀྱི་ས་ཆའི་གྲས་སུ་བཅུག་པ་ཡིན”ཞེས་གོང་དཀར་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཐེན་ཁྲེན་གྱིས་བཤད།
འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་ནི་གོམ་སྟབས་དང་པོ་རེད། ཐེན་ཁྲེན་གྱིས“ང་ཚོས་ད་དུང་ལྕེ་ཆུང་དང་། ཡུལ་ཆོས། རྣམ་རྒྱལ་ཞོལ་བཅས་གྲོང་ཚོ་དེ་དག་ཏུ་དམངས་སྲོལ་གནས་ཚང་འཛུགས་རྒྱུ་ཡིན། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་གྱི‘བཅུ་བརྒྱ་སྟོང’གི་འདུ་འགོད་ལག་ལེན་བསྟར་བཞིན་ཡོད་ཅིང་། རིག་གནས་ཡུལ་སྐོར་གྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་ཏེ་གྲོང་ཚོའི་སྤུས་རྟགས་ཅན་དང་སྤུས་ཚད་གོང་མཐོར་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་གཏོད་རྒྱུ་ཡིན། ཡར་འབྲོག་གཡུ་མཚོའི་སྐོར་ལམ་ཤར་མའང‘བཅུ་བརྒྱ་སྟོང’གི་འདུ་འགོད་ཀྱི་གནད་ཅིག་ཡིན་ལ། ཁག་གཉིས་པའི་དཔེ་སྟོན་ས་ཚིགས་ཀྱི་གྲས་ཤིག་ཀྱང་རེད”ཅེས་གསར་འགོད་པར་བཤད། ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་སྡེ་ཚན་གྱི“མཚན་མོའི་ལྷོ་ཁའི”བསམ་ཕྱོགས་གཞིར་བཟུང་། སྐར་ཚོགས་ལ་ལྟ་བ་དང་། མཚོ་ངོགས་སུ་འཆམ་འཆམ་བྱེད་པ། འབྲོག་པའི་འཚོ་བར་ཉམས་ལེན་བཅས་ཀྱི་བཀོད་པའང་རིམ་གྱིས་གྲུབ་ཡོད། གལ་སྲིད་དམངས་སྲོལ་གནས་ཚང་དང་། འགྲིམ་འགྲུལ་ཡོ་ཆས། ཐེག་ཚད་དོ་དམ་བཅས་གནད་སྨིན་བྱུང་ཚེ། ཉིན་མོ་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ལ་ལྟ་བ་དང་མཚན་མོ་མཁའ་དབྱིངས་ཀྱི་རྣམ་པར་བཀྲ་བའི་སྐར་ཚོགས་ལ་ལྟ་ཆོག ཉིན་གཉིས་པར་འབྲོག་པའི་འཚོ་བར་ཉམས་ལེན་བྱས་རྗེས་གོང་དཀར་གནམ་ཐང་ནས་ཐད་ཀར་ལོག་ཆོག སྐབས་དེ་དུས་གྲོང་གསེབ་གཞུང་ལམ་དེས་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ལའང་འབབ་འཕར་ཡོང་ངེས་རེད།
འབྲེལ་ཡོད་གསར་འགྱུར།