འདམ་ར་སྔོ་ཐིང་ཐིང་། འཚོ་བ་སྐྱིད་ལྷང་ལྷང་།
སྨི་ཏི་ཁ་འདམ་རའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྐྱེ་ཁམས་དམངས་ཕྱུག་སྐོར་བཀོད་པ།
གནས་འདི་ནི་སྐྱིད་ཆུའི་ཆུ་འགོ་རེད་ལ། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཀྱང་རེད། རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པའི་ཆ་ནས། སྨི་ཏི་ཁ་འདམ་རས་སྨད་རྒྱུད་ཀྱི་མང་ཚོགས་ཁྲི་སྟོང་མང་པོའི་ཆུ་སྤྱོད་བདེ་འཇགས་སྲུང་བཞིན་ཡོད་པ་མ་ཟད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོར་འཛུགས་པ་དང་སྐྱེ་ཁམས་དམངས་ཕྱུག་གི་ཐབས་ལམ་འཚོལ་ཞིབ་བྱེད་པའི་མ་དཔེ་གསོན་ཉམས་དོད་པ་ཞིག་ཏུ་ཡང་གྱུར་ཡོད།
འབྱུང་རྩ་ནས་སྲུང་བཅད་བསྐྲུན་པས་འདམ་རར་སྐྱེ་སྟོབས་ཀྱི་དཔལ་འབར་བ།
སྨི་ཏི་ཁ་འདམ་རའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་81037.81ཟིན་པ་དང་གཙོ་བོ་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཁོངས་སུ་ཡོད་པ་དང་ཆ་ཤས་ཆུང་ཆུང་ཞིག་འབྲི་རུ་རྫོང་ཁོངས་སུ་ཡོད། ལྷ་རི་རྫོང་ནགས་ལས་དང་རྩྭ་ཐང་ལས་དོན་ས་ཚིགས་ཀྱི་ཀྲན་ཀྲང་ཉི་བུས་འདམ་ར་སྲུང་སྐྱོང་གི་ལས་དོན་གོམ་སྟབས་རེ་རེ་བཞིན་རིམ་སྤོར་བྱས་པར་དཔང་པོ་བྱེད་ཐུབ་སྟེ། ཁོང་གིས“ང་ཚོས་2003ལོར་རྫོང་རིམ་པའི་སྲུང་སྐྱོང་ཁུལ་བཙུགས་པ་དང་དེའི་ཕྱི་ལོར་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བདེ་བླག་ངང་ཚུད་ཅིང་། 2008ལོར་རང་སྐྱོང་ལྗོངས་རིམ་པའི་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་པ་དང་། 2016ལོར་ཆོག་མཆན་ཐོབ་ནས་དངོས་སུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྒྱུར་བ་སོགས་སྨི་ཏི་ཁ་འདམ་རར་སྲུང་སྐྱོང་བྱེད་ཤུགས་ལོ་རེ་བཞིན་ཆེ་རུ་ཕྱིན་ཡོད”ཅེས་བཤད།
“ལོ་ལྔ་ཚན་བཅུ་བཞི་པར”སླེབས་རྗེས་སྲུང་སྐྱོང་ལས་དོན་དེ“རིམ་སྤོར”བྱེད་པ་ནས“སྤུས་ཚད་མཐོ་རུ་གཏོང་བར”བསྒྱུར་ཡོད། 2026ལོ་ཁོ་ནར་མ་དངུལ་བསྡོམས་འབོར་སྒོར་ཁྲི་2600ལྷག་ཙམ་བཏང་ནས་སྨི་ཏི་ཁ་འདམ་ར་སྲུང་སྐྱོང་སླར་གསོའི་རྣམ་གྲངས་སྤེལ་ཞིང་མ་དངུལ་གཏོང་ཚད་མང་ཤོས་ཡིན་པ་རེད། ཞན་འགྱུར་རྩྭ་ཐང་སླར་གསོ་བྱེད་པ་ནས་ཆུ་རྒྱུད་ཡུག་སྦྲེལ་བཅོས་སྒྲིག་བྱེད་པའི་བར་དང་། ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་བྱེད་པ་ནས་སྐོར་སྲུང་ནུས་པ་ཆེ་རུ་གཏོང་བའི་བར་གྱི་ལས་གྲྭའི་བྱ་ཐབས་རབ་དང་རིམ་པ་སྤེལ་བས། ས་མཐོའི་འདམ་ར་དེའི་ཆུ་ཁུངས་གསོ་འཁྱོངས་ནུས་པ་བརྟན་དུ་ཕྱིན་ཡོད།
“སྨི་ཏི་ཁ་ནི་སྐྱིད་ཆུའི་ཆུ་འགོ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་ལྷུ་ཚིགས་གལ་ཆེན་ཞིག་རེད། དེ་གའི་སྐྱེ་ཁམས་བཟང་ངན་གྱིས་ཆུ་བོའི་སྨད་རྒྱུད་ཀྱི་མང་ཚོགས་ཁྲི་སྟོང་མང་པོའི་འཐུང་ཆུའི་བདེ་འཇགས་ཐད་ཀར་གཏན་འཁེལ་བྱེད་ཀྱི་ཡོད། ཆུ་འགོའི་འདམ་ར་སྲུང་སྐྱོང་བྱེད་པ་ནི་མི་ཚང་མའི་ཚེ་སྲོག་སྲུང་སྐྱོང་བྱེད་པ་ཞིག་རེད”ཅེས་ཉི་བུས་བཤད་པ་དང་། ཁོང་གིས། རྒྱལ་ཁབ་ཀྱིས་ཁ་ཡོད་ལག་ཡོད་ཀྱི་མ་དངུལ་བཏང་བ་ལས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་བྱེད་པ་དེ་འདུ་ཤེས་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་སུ་གྱུར་ཡོད་ཅེས་བཤད།
འབྲོག་པས་སྲུང་དམག་བྱས་པས་སྐྱེ་ཁམས་ལས་འབབ་འཕར་བརྟན་པོ་བྱུང་བ།
ཡངས་ཤིང་རྒྱ་ཆེ་བའི་འདམ་རར་གཅིག་སྡུད་ཀྱི་བདག་སྐྱོང་ས་ཚིགས་མེད་སྟབས། ས་གནས་དེ་གའི་འབྲོག་པ་ལས་གྲུབ་པའི་སྐྱེ་ཁམས་རུ་ཁག་ཅིག་གནས་དེའི་ས་ཆུ་སྲུང་སྐྱོང་བྱེད་པའི་གཙོ་ཤུགས་དམག་ཏུ་གྱུར་ཡོད། “སྨི་ཏི་ཁ་ཤང་གི་སྲིད་འཛིན་གྲོང་ཚོ་20ལ་སྐྱེ་ཁམས་བདག་སྐྱོང་བ་500ལྷག་ཙམ་ཡོད་པ་ཚང་མ་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཤ་སྟག་རེད”ཅེས་ཉི་བུས་བཤད་པ་དང་། ཁོང་གིས། རུ་ཁག་ལ་ཆེད་བསྐོས་འདམ་ར་བདག་སྐྱོང་བ་26ཡོད་པའི་ནང་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་བ་24དང་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་ལྟ་ཞིབ་ཚད་ལེན་པ་2ཡོད་པ་ཕུད། དེ་བྱིངས་ཚང་མ་གྲོང་ཚོ་རིམ་པའི་སྐྱེ་ཁམས་ལས་གནས་ཀྱི་ལས་དོན་པ་དང་ནགས་སྲུང་བ་ཡིན་པ་དང་ཁོ་ཚོ་ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱི་དོ་དམ་བྱེད་ཁོངས་སུ་གཏོགས་ཀྱི་ཡོད་ཅེས་བཤད།
སྐྱེ་ཁམས་ཀྱི་ཁེ་སྤོགས་ནི་ལས་མིའི་ཡོང་འབབ་ཙམ་ག་ལ་ཡིན། སྲུང་སྐྱོང་ཁུལ་དུ་ལྟེ་བའི་ཁུལ་དང་སྤྱིར་བཏང་ཚོད་འཛིན་ཁུལ་གཉིས་སུ་དབྱེ་བ་དང་། ལྟེ་བའི་ས་ཁོངས་སུ་ཕྱོགས་ཡོངས་ནས་རྩྭ་ཁ་བཀག་པས། སྲིད་གཞུང་གིས་ཆེད་མངགས་རྩྭ་ཁ་བཀག་པའི་ཁ་གསབ་སྤྲོད་ཀྱི་ཡོད། 2026ལོ་ཁོ་ནར་རྩྭ་ཁ་བཀག་པའི་ཁ་གསབ་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་117.55ཟིན་ཡོད། སྐྱེ་ཁམས་ལས་གནས་ཀྱི་གླ་ཕོགས་དང་རྩྭ་ཁ་བཀག་པའི་ཁ་གསབ་ཀྱི་འགན་སྲུང་གཉིས་ལས་འབྲོག་པའི་ཡོང་འབབ་མང་དུ་ཏན་ཏིག་ཕྱིན་ནས། ཁྱིམ་གཞིས་སྲུང་སྐྱོང་བྱེད་རིང་མང་ཚོགས་ལ་སྐྱེ་ཁམས་ལས་འབབ་འཕར་བྱུང་ཡོད།
ལྟ་བར་འགྱུར་ལྡོག་བྱུང་བས་བློ་སེམས་གཅིག་མཐུན་གྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ།
ལོ་འཁོར་མོར་འདམ་རར་སྐོར་སྲུང་བྱས་ནས་ཆུ་ཁོངས་སྔར་བས་དྭངས་གཙང་དང་དུས་བྱ་ལོ་རེ་བཞིན་མང་དུ་འགྲོ་བ་དངོས་སུ་མཐོང་བས་བསོད་གྲུབ་ཀྱི་སེམས་ལ་དགའ་ཚོར་དང་སྤོབས་པ་ཆེན་པོ་སྐྱེས་ཤིང་། ཁོང་གིས། “དེ་སྔ་ཁྱིམ་གྱི་ཡོང་འབབ་ནི་འབྲོག་ལས་ཁོ་ནར་བརྟེན་དགོས་ཀྱི་ཡོད། ད་ཆ་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་གཉིས་རག་གི་ཡོད་པས་འཚོ་བ་སྐྱིད་ལ་སེམས་ཀྱང་ལྷོད་པོ་འདུག”ཅེས་བཤད།
ཉིན་ནས་ཟླ་དང་ཟླ་ནས་ལོ་མཐུད་དགོས་པའི་སྐོར་སྲུང་ལས་དོན་ལས་བསོད་གྲུབ་ཀྱིས་ཕ་ཡུལ་མང་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་མིག་མཐོང་ལག་ཟིན་བྱུང་ཡོད། “སྔོན་མ་འབྲོག་པ་ཁག་གཅིག་གི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཅུང་ཞན་པས་རྩྭ་ཁར་གང་བྱུང་རྡོག་བརྫིས་གཏོང་བ་དང་གད་སྙིགས་གང་བྱུང་དུ་དབྱུགས་པའི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད། རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཐད་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་ཆབས་ཅིག སྲུང་སྐྱོང་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱས་ནས་ཁྱབ་གདལ་བཏང་བས། ཚང་མའི་བསམ་ཚུལ་ལ་རིམ་བཞིན་འགྱུར་ལྡོག་བྱུང་ཡོད། ད་ཆ་འདམ་རར་གཅེས་སྐྱོང་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་དེ་ཡུལ་མི་ཚོའི་སེམས་ནང་གི་དོན་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། དེ་སྔོན་བསླབ་བྱ་ཡང་ཡང་རྒྱག་དགོས་པའི་གཏོར་བཤིག་གི་བྱེད་སྤྱོད་རིགས་ད་ཆ་ཧ་ལམ་ཐོན་གྱི་མེད”ཅེས་བསོད་གྲུབ་ཀྱིས་མྱོང་བ་ཟབ་མོས་བཤད།
སྐྱེ་ཁམས་ཀྱི་འདུ་ཤེས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་ཆེད་ས་གནས་དེས་ད་དུང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐྱེ་ཁམས་སྐོར་དྲིལ་བསྒྲགས་བྱས་ཏེ་དུད་ཚང་དུ་བསྐྱོད་ནས་འགྲེལ་བཤད་རྒྱག་པ་དང་། ཚན་རྩལ་ཁྱབ་གདལ་གཏོང་བ། བོད་སྐད་སྨྱན་སྦྱོར་གསར་པས་འོས་སྦྱོར་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་རྒྱུན་མཐུད་ཟབ་ཏུ་བཏང་སྟེ་དམངས་ཡོངས་ཀྱི་སྲུང་སྐྱོང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།
འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དེ་ནི་ལོ་ལྔ་པོ་དེའི་རིང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ཟབ་ཤོས་དེ་རེད། སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་དེ“ང་ལ་སྒྲུབ་ཏུ་འཇུག་པ”ནས“ངས་སྒྲུབ་དགོས་ངེས་ཡིན་པར”འགྱུར་ལྡོག་བྱུང་སྐབས། སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་སྲུང་བར་མང་ཚོགས་ཀྱི་རྨང་གཞི་བརྟན་ཤོས་དེ་ཡོད་པ་རེད།
མཚོ་མོ་ཐར་ཐོར་དུ་གནས་པ་ནས་ཆུ་རྒྱུན་ལྷུང་ལྷུང་དུ་འབབ་པའི་བར་དང་། ཕྱུགས་རིགས་ཁོ་ན་སྐྱོང་བ་ནས་སྐྱེ་ཁམས་དམངས་ཕྱུག་བར། སྨི་ཏི་ཁ་འདམ་རའི་འགྱུར་ལྡོག་ནི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གྲུབ་འབྲས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།
འབྲེལ་ཡོད་གསར་འགྱུར།