དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷ་སའི་ལུང་གཞུང་གི་སྟོན་ལྗོངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-04

    འབྲས་ལྡན་དུས་ཀྱི་ཟླ་བ་བཅུ་པར། བསིལ་རླུང་གཉན་ཆེན་ཐང་ལྷའི་ངོགས་ནས་ལྡང་བའི་དུས་སུ་ལྷ་སའི་ལུང་གཞུང་དུ་སྟོན་ཉམས་དོད་ཤོས་དེ་མངོན། ཆུ་བོའི་ངོགས་ནས་དལ་བུར་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་ལོ་ལེགས་ཀྱི་ཉམས་བཟང་དང་། གསེར་མདོག་གིས་བརྒྱན་པའི་ཚང་ཚིང་ལྗོན་པའི་ཚོགས། དྭངས་གཙང་གི་ཆུ་མོ་བཅས་ཀྱི་ཡིད་འོང་མཛེས་ལྗོངས་དང་། ད་དུང་སྔར་མུས་བཞིན་ཆུ་འགྲམ་དང་འོང་ཁའི་གསེབ་ཏུ་ཟས་འཚོལ་བར་བྲེལ་བའི་དུས་བྱའི་ཚོགས་བཅས་ཡིན་ཞིང་། དེ་དག་ལས་གྲུབ་པའི་གངས་ལྗོངས་ས་མཐོའི་སྟོན་གྱི་མཛེས་པ་ནི་མཚར་སྡུག་རྣམ་པར་བཀྲ་བ་ཞིག་ཡོད།

    སྟོན་བསྡུའི་ལས་བྲེལ་ཆེ་བའི་རྣམ་པ་ད་དུང་མཐོང་རྒྱུ་ཡོད་ཅིང་། ཡུག་གཅིག་ཏུ་སྦྲེལ་བའི་ནས་ཞིང་ཕལ་ཆེ་བ་བརྔས་ཟིན་ཡོད། ཞིང་ཐང་གྲུ་བཞིར་སོག་ཤུལ་ལུས་ཡོད་པ་དང་སྒོ་ཕྱུགས་ཀྱི་ཚོགས་རྣམས་བག་ཕེབས་ངང་ཞིང་ནང་དུ་ལུས་པའི་སྙེ་རྡོག་འཚོལ་བཞིན་མཆིས། གཡུལ་ཁར་ཚར་ལྕོག་གྲལ་སྟར་འགྲིག་པོས་བཞག་ཡོད་པ་དང་། འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་འཇུག་བྱེད་པ་ནི་ས་མཐོའི་སོ་ནམ་པ་ཚོའི་འདུན་པ་ཆེ་ཤོས་རེད།

    ལུང་པའི་ཕུ་རུ་མྱུལ་བ་ན་སྟོན་ཉམས་དེ་བས་ཟབ་པ་ཞིག་ཡོད། ས་མཐོའི་སྦྱར་པ་དག་གིས་དབྱར་གཞུང་གི་གོས་ལྗང་ཕུད་ནས་གསེར་མདོག་དང་། ངུར་སྨྲིག རྫ་མདོག་བཅས་ཀྱི་ན་བཟའ་བཀླུབས་འདུག རྟ་བདུན་དབང་པོའི་ཉི་ཟེར་འདབ་ལོའི་གསེབ་ནས་འཕྲོ་སྐབས་གང་སར་སེར་ཐིང་ངེར་གནས་པ་དང་། སྐྱི་སེར་རླུང་བུ་ལྡང་བའི་ཚེ་ལོ་འདབ་སེར་པོ་ན་ཁ་དང་ཆུ་ངོགས་སུ་དལ་བུར་ལྷུང་བའི་རྣམ་པ་ནི་གསེར་གྱི་ལོ་མའི་ཆར་པ་འབབ་པ་ལྟར་དུ་སྣང་། རྒྱང་རིང་གི་རི་ལྡེབས་ནི་སྣུམ་མཚོན་རི་མོ་ཞིག་དང་འདྲ་བ་སྟེ། སྔོ་ནག་གི་བྲག་རྡོ་དང་། གསེར་མདོག་གི་ནགས་ཚལ། ད་དུང་སེར་པོ་དེ་ཙམ་ཆགས་མེད་པའི་སྔོ་རྩྭ་བཅས་མཉམ་དུ་འདྲེས་ཡོད། དེ་ལྟ་བུའི་སྟོན་གྱི་མཛེས་ལྗོངས་ནི་ས་མཐོ་ཁོ་ནར་མ་གཏོགས་ཡུལ་ལུང་གཞན་གང་དུ་ཡང་མཐོང་རྒྱུ་མེད། དེ་ནས་མིག་ཟུང་མཁའ་དབྱིངས་སུ་འཕེན་སྐབས་དགུང་སྔོན་དབྱིངས་སུ་སྤྲིན་དཀར་ཚོམ་བུ་དལ་གྱིས་རྒྱུ་བ་དང་། ཆུ་བྱའི་ཚོགས་རྣམས་ཅི་དགར་འཕུར་ལྡིང་ལ་རོལ་ནས་འདུག

    དྭངས་གཙང་གི་ལྷ་ས་སྐྱིད་ཆུ་རྒྱང་རིང་དུ་དལ་བ་དལ་བུར་རྒྱུ། ཆུ་བོ་དྭངས་ཤིང་གཙང་ལ་དལ་བུར་བཞུར་བའི་སྣང་བརྙན་ནི་བརྙན་ཤེལ་ཆེན་པོ་ཞིག་དང་འདྲ་བར་ཆུ་ངོས་ནས་གསེར་མདོག་གིས་བརྒྱན་པའི་རི་ལྡེབས་དང་སྔོ་བསངས་ཀྱི་ནམ་མཁའ་སོགས་མཛེས་རིས་མ་ལུས་གསལ་པོར་འཆར་འོང་། ཞོགས་པའི་མཚམས་སུ་ཆུ་ངོས་སུ་ཆུ་རླངས་སྲབ་མོ་ཞིག་འཁྲིགས་ཡོད་པ་དང་། ཉིན་དགུང་མཚམས་ན་ཉི་ཟེར་རབ་ཏུ་འཕྲོས་པས་ཆུ་ངོས་ཀྱི་ཆུ་རིས་ལས་གསེར་འོད་ཆེམ་ཆེམ་དུ་འཕྲོ། ཆུ་བོ་ནི་གཡུ་འབྲུག་སྔོན་མོ་ས་ལ་འཁྱུག་པ་ལྟར་རི་གྲོང་ནས་བཞུར་ཏེ་གྲོང་ཚོ་དང་། ཚང་ཚིང་ལྗོན་པའི་ཚོགས། འདམ་ར་བཅས་གཅིག་ཏུ་སྦྲེལ་ནས་ལུང་གཞུང་གི་སྲོག་ཆགས་དང་རྩི་ཤིང་མཐའ་དག་ལེགས་པར་བསྐྱངས་དང་སྐྱོང་མུས་ལགས།

    འདམ་ར་དང་གྲམ་ཐང་དུ་སླེབས་ཙ་ན་དུས་བྱའི་ཚོཌ་རྣམས་མིག་ལམ་དུ་རིམ་གྱིས་འཆར། སྟོན་ཟླ་བཅུ་པར་དགུན་སྒྲོལ་གྱི་དུས་བྱའི་ཚོགས་རྣམས་རི་ཀླུང་ཁྲི་སྟོང་མང་པོ་བརྒལ་ནས་གཅིག་རྗེས་གཉིས་མཐུད་ངང་ལྷ་སའི་ལུང་གཞུང་དུ་སླེབས་ཀྱི་ཡོད། ཁྲུང་ཁྲུང་སྐེ་ནག་གིས་གཤོག་ཟུང་རྐྱོང་བཞིན་བཙས་མ་བརྔས་ཟིན་པའི་ཞིང་ནང་དུ་དལ་བུར་བསྐྱོད་དེ་ཟས་འཚོལ་བ་དང་། ཁྲུང་ཁྲུང་མགོ་ཁྲ་དང་ངུར་པའི་ཚོགས་རྣམས་སྐབས་རེ་ཆུ་ངོས་སུ་ཟས་འཚོལ་བ་དང་། སྐབས་རེ་གཤོག་ཟུང་བརྐྱངས་ཏེ་འཕུར་ལྡིང་ལ་ཅི་དགར་རོལ་ནས་འདུག མི་དང་འདབ་ཆགས་ཀྱི་ཚོགས་རྣམས་ཞི་མཐུན་ལྷིང་འཇགས་སུ་གནས་ཤིང་། ཡུལ་མི་ཚོས་རྒྱང་རིང་ནས་ཆུ་བྱའི་ཚོགས་ལ་ལྟ་བཞིན་དུས་བྱའི་ཁྱིམ་གཞིས་སྲུང་བ་དང་། ཆུ་བྱའི་ཚོགས་ཀྱིས་དབེན་འཇམ་གྱི་རི་གྲོང་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད།

    སྟོན་ཟླ་བཅུ་པར་ལྷ་སའི་ལུང་གཞུང་དུ་སྐྱོད་སྐབས་ལོ་ལེགས་ཀྱི་དགའ་སྤྲོ་དང་། ཚོན་མདངས་རྣམ་པར་བཀྲ་བའི་ལྗོན་པའི་ཚོགས། དལ་བུར་བཞུར་བའི་ཆུ་བོ། འཕུར་ལྡིང་ལ་ཅི་དགར་རོལ་བའི་དུས་བྱའི་ཚོགས་བཅས་ལས་ས་མཐོ་ཁོ་ནར་དབང་བའི་སྟོན་གྱི་མཛེས་ལྗོངས་ཤིག་གྲུབ་ཡོད། འདི་གར་སྟོན་གྱི་མཛེས་པ་ཉམས་སུ་མྱོང་བའི་ཚེ། སོ་ནམ་ལས་ལ་འབྲས་བཟང་སྨིན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་རིས་མཐོང་ཐུབ། གོམ་པ་རེ་རེ་བཞིན་མདུན་དུ་ཆས་ན་མིག་ལམ་དུ་ཡུལ་ལྗོངས་མི་འདྲ་བ་རེ་རེ་གསལ་ལེར་འཆར་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།