རང་ལྗོངས་ཀྱི་ཆུ་བོ་དང་མཚོ་སྲུང་སྐྱོང་དང་བཅོས་སྐྱོང་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།
ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལོ་བཅུའི་གྲུབ་འབྲས་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བའི་ལོ་བཅུའི་རིང་། གངས་ལྗོངས་ས་མཐོའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དེ་མིང་ཡོད་འགན་ཡོད་ནས་ནུས་ཡོད་ཕན་ཡོད་ཀྱི་ཕྱོགས་སུ་མཆོང་སྐྱོད་བྱུང་བ་དང་། ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚོ་ཡི་གནས་སྟངས་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ་ཆུའི་སྐྱེ་ཁམས་དང་ཆུའི་ཁོར་ཡུག་བརྟན་ཐོག་ཡར་རྒྱས་སོང་བར་བརྟེན། མང་ཚོགས་ཀྱི་སྐྱེ་ཁམས་ཐད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་རེད།
2018ལོའི་ཟླ་6པར། རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་ཆུ་དཔོན་དང་མཚོ་དཔོན་གྱི་རྩ་འཛུགས་མ་ལག་བཙུགས་ནས་ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཤིང་། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་ཆུ་དཔོན་མཚོ་དཔོན་དང་ཆུའི་སྐྱེ་ཁམས་ལས་གནས་ཀྱི་ལས་དོན་པས་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་171ཡིས་ཆུ་བོ་དང་མཚོ་ལ་སྐོར་ཞིབ་བྱས་ནས་ས་ཁོངས་ཡོངས་ཀྱི་ཆུ་བོ་དང་མཚོར་བདག་སྐྱོང་ཡོངས་སུ་ཐུབ་ཡོད། རང་ལྗོངས་ཀྱིས་བཅོས་སྐྱོང་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས“ཆུ་དཔོན་མཚོ་དཔོན+ཅན་ཁྲ་ཀྲང+ཉེན་རྟོག་དཔོན”དང“ནགས་དཔོན་ལམ་ལུགས+ཆུ་དཔོན་མཚོ་དཔོན་ལམ་ལུགས”ཀྱི་མཉམ་འགུལ་རྣམ་པ་གསར་གཏོད་ཀྱིས་ཁྱབ་གདལ་བཏང་སྟེ། ས་གནས་ཀྱི་ཚད་གཞི་ཁག་12དང་ལེ་ལག་ཚང་བའི་སྲིད་ཇུས་ཁག་20ལྷག་ཙམ་བཏོན་པ་དང་། སི་ཁྲོན་དང་། བོད་ལྗོངས། ཡུན་ནན། མཚོ་སྔོན་བཅས་ཀྱི་ས་མཚམས་ལས་བརྒལ་བའི་ཆུ་བོ་མཉམ་འགོག་མཉམ་འཛིན་གྱི་ལས་སྟེགས་བསྐྲུན་ནས་ས་མཚམས་ལས་བརྒལ་བའི་ཆུ་བོ་དང་མཚོ་ལ་མཉམ་འབྲེལ་སྐོར་སྲུང་དང་། ཁྲིམས་སྒྱུར། བཅོས་སྐྱོང་བཅས་མངོན་འགྱུར་བྱུང་བ་མ་ཟད། སྒྲིག་སྲོལ་ལམ་སྲོལ་གྱི་ལེགས་ཆ་དེ་སྐྱེ་ཁམས་བཅོས་སྐྱོང་གི་ནུས་ཕྱོད་དུའང་རྒྱུན་མཐུད་ངང་བསྒྱུར་བ་རེད།
ཆུ་བོ་དང་མཚོ་ཡི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་རང་ལྗོངས་ཀྱིས་ཆུ་བོ་དང་མཚོ་ཡི“གང་བྱུང་བཞིའི”གནད་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་བཅོས་སྒྲིག་བྱེད་པ་དང་། ཆུ་ལམ་གྱི་བྱེ་གསེག་སྔོག་འདོན་ཐད་ཀྱི་དོ་དམ་ཚད་ལྡན་དུ་གཏོང་བ། ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ཁྲིམས་འགལ་ངང་བྱེ་གསེག་སྔོག་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཡོད། གཙང་པོའི་ཆུ་འགོའི་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ལྗོངས་ཡོངས་ཀྱི་ཆུ་རྒྱུད་ཆེན་པོ་8ཀྱི་ཆུ་བོ་གཙོ་བོ་33གྱི་ཆུ་འགོའི་ས་མཚམས་རྩད་ཞིབ་ལེགས་གྲུབ་བྱུང་བ་དང་། སྲུང་སྐྱོང་ཁུལ་ཁོངས་སྤྱི་ལེ་ངོས་གྲུ་ཁྲི་9.07དབྱེ་འབྱེད་གཏན་འབེབས་བྱས་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚོ་301ལ་སྐྱོན་བྲལ་གདེང་འཇོག་ཐོབ་ཚད་100%ཟིན་པ་དང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚོ་3དང་། རང་སྐྱོང་ལྗོངས་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚོ་119 གྲོང་ཁྱེར་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚོ་339བཅས་བསྐྲུན་ཟིན་ནས་ས་མཐོའི་ཆུ་བོ་དང་མཚོ་མོ་དྭངས་ཤིང་གཙང་ལ་མཛེས་ལྗོངས་ལྟ་ན་སྡུག་པའི་སྐྱེ་ཁམས་ཉམས་དགའ་བ་ཞིག་རིམ་བཞིན་མངོན་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།