རྨ་བྱ་ཁ་འབབ་ངོགས་ཀྱི་སྟོན་ལྗོངས་མཛེས། གངས་ལྗོངས་མཐའ་མཚམས་གྲོང་གི་རྣམ་པ་གསར།
—— མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་འཆར་གཞི་གསར་པ་བཏིང་བ།

འདི་ནི་སྤུ་ཧྲེང་རྫོང་གྲོང་མཐའ་འཁོར་གྱི་སྤྱི་གླིང་ཡིན་པ།
མངའ་རིས་ལྷོ་རྒྱུད་ཀྱི་མཐའ་མཚམས་སུ་གནས་པའི་སྤུ་ཧྲེང་རྫོང་གི་ཆ་སྙོམས་ས་བབ་སྨི་4500ཟིན་ཞིང་། མཐོ་གྲང་སྐམ་ཤས་ཆེ་བ་དང་། ས་རྒྱུ་ཞན་པ། སད་མི་རྒྱག་པའི་ནམ་དུས་ཐུང་བ།“ཤིང་འཛུགས་དཀའ་བ་དང་། སྔོ་ལྗང་གསོན་དཀའ་བ། ལྗང་སྲུང་བྱེད་དཀའ་བ”བཅས་ནི་དེ་སྔ་ས་གནས་དེ་གའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྐྱེ་ཁམས་ཀྱི་དཀའ་གནད་ཅིག་རེད།
ཉེ་བའི་ལོ་ཤས་རིང་། སྤུ་ཧྲེང་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། རང་སྐྱོང་ལྗོངས་དང་མངའ་རིས་ས་ཁུལ་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཀྱི་བཀོད་སྒྲིག་ལ་ནན་པོར་གཞིགས་པ། ས་མཐོའི་མཐའ་མཚམས་སྐྱེ་ཁམས་ཀྱི་དོན་དངོས་ལ་གཞི་ཚུགས་པ། སྐྱེ་ཁམས་སླར་གསོ་དང་། ཐང་རྒོད་ཅན་དང་བྱེ་འགྱུར་ཅན་བཅོས་སྒྲིག གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་སོགས་ཀྱི་གཙོ་གནད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད།
བརྒྱུད་རིམ་ལྡན་པའི་ཉམས་གསོ་བྱས་པར་སྐྱེ་ཁམས་སྤུས་འབྲས་ལེགས་གཉེར་བྱུང་བ།
“དེ་སྔ་འདི་གར་གྲམ་ཐང་ཡིན་པ་དང་། རྡོ་དང་། རྩྭ་ངན། གད་སྙིགས་བཅས་མཉམ་དུ་སྤུངས་ཡོད”ཅེས་སྤུ་ཧྲེང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་སྒྲོལ་མས་བཤད།
མངོན་མེད་རྐྱེན་ངན་རྩ་བ་ནས་སེལ་བ་དང་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་ཆེད། སྤུ་ཧྲེང་རྫོང་གིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་2.2ལྷག་ཙམ་བཏང་ནས་དུས་ཐེངས་དང་པོ་དང་གཉིས་པའི་ས་གཤིས་གནོད་འཚེ་བཅོས་སྐྱོང་རྣམ་གྲངས་དང་། དེ་བཞིན་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་སྲུང་སྐྱོང་རྣམ་གྲངས་སྔ་རྗེས་སུ་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་བཅོས་སྐྱོང་བྱས་པ་རེད།
སྤུ་ཧྲེང་རྫོང་གིས་ས་གཤིས་གནོད་འཚེ་འགོག་རགས་སྐྲུན་རྒྱུ་དེ་སྐྱེ་ཁམས་སླར་གསོའི་སྔོན་འགྲོའི་ཆ་རྐྱེན་ཨང་དང་པོར་བརྩིས་ནས་ངོགས་གཉིས་ཀྱི་ཆུ་རགས་བརྟན་དུ་གཏོང་བ་དང་། ས་ཁོད་སྙོམས་པ། གཞུ་དབྱིབས་སྒྲོམ་སྐྱོར། གཏིང་མདའི་སྒྲོམ་གཞི་སོགས་ཀྱི་ལས་གྲྭའི་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་དེ་ཆུ་རྒྱུད་ཀྱི་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་རྩ་བ་ནས་བསལ་བ་རེད།
རྨང་གཞི་དེའི་ཐོག སྤུ་ཧྲེང་རྫོང་གིས་སྲོལ་རྒྱུན་གྱི་ཆུ་ངོགས་སྲུང་སྐྱོང་བྱེད་སྟངས་དོར་ནས་མ་དངུལ་སྒོར་ཁྲི་7185བཏང་སྟེ་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་སྲུང་སྐྱོང་རྣམ་གྲངས་ལག་ལེན་བསྟར་བ་དང་། སྐྱེ་ཁམས་ངོགས་སྲུང་དང་། མི་ཐབས་ལ་བརྟེན་པའི་འཕྱོ་གླིང་། བཅད་ཁུལ་སླར་གསོ། ཤིང་འཛུགས་ནགས་བཟོ་སོགས་ཀྱི་བྱ་ཐབས་སྤྱད་ཡོད། རྫོང་དེ་ཡོངས་ཀྱི་ཆུ་ངོགས་ཀྱི་རིང་ཚད་བསྡོམས་སྤྱི་ལེ་7ཙམ་ལ་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་རྒྱ་ཁྱོན་སྤྱི་ཆིང་45.8ཟིན་ཡོད།
མཉེན་གཤིས་བཅོས་སྐྱོང་གིས་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་ཐུབ་པ་མ་ཟད། ད་དུང་འཕེལ་རྒྱས་ཀྱི་བར་མཐོངས་ཀྱང་ཆེ་རུ་ཕྱིན་ཡོད། “དེ་སྔ་ས་ཆུ་ཚབས་ཆེན་ཤོར་བས་གྲམ་ཐང་སྤྱོད་རིན་མེད། ད་ཆ་ས་ཆུ་སྲུང་ཐུབ་པ་དང་ས་ཆ་སྟོང་པ་དེ་དག་སྐྱེ་ཁམས་སྤྱི་གླིང་བསྐྲུན་རྒྱུར་སྤྱད་པས་སྐྱེ་ཁམས་ཡུལ་སྐོར་གྱི་མི་མངོན་པའི་སྟོབས་ཤུགས་རིམ་བཞིན་མངོན་བཞིན་ཡོད། དེ་སྔ་གང་སར་བྱེ་རླུང་འཚུབ་པའི་ལུང་གཞུང་དང་ཐང་རྒོད་དེ་དག་མཛེས་སྡུག་ལྡན་པའི་སྐྱེ་ཁམས་བར་ཆོད་ཁུལ་དུ་གྱུར་ནས་མང་ཚོགས་འཆམ་འཆམ་དང་སྒོར་གཞས་འཁྲབ་ས་ཡག་པོ་ཞིག་ཏུ་གྱུར་ཡོད”ཅེས་བསོད་ནམས་སྒྲོལ་མས་བཤད།
ཚན་རིག་དང་མཐུན་པའི་སྒོ་ནས་ཤིང་འཛུགས་ནགས་བཟོ་བྱས་ཏེ་རི་རྒོད་སྔོ་ལྗང་གོས་ཀྱིས་བཀླུབས་པ།
སྤུ་ཧྲེང་རྫོང་གྲོང་གི་ཤར་རིའི་རི་རྩེར་འཛེགས་སྐབས་དེ་སྔའི་རི་བོ་སྐྱ་ཐེར་ཐེར་དེར་ད་ཆ་ལོ་འདབ་རྒྱས་པ་དང་གསར་དུ་བཙུགས་པའི་སྡོང་ཕྲུག་དག་སྐྱེ་འཚར་ཡག་པོ་བྱུང་ཡོད། ལྗོན་ཤིང་གསར་པ་དེ་དག་ལས་སླ་པོར་བྱུང་བ་ཞིག་མིན།
“ཤར་རིའི་ས་བབ་མཐོ་བ་དང་ཆུའི་ཐོན་ཁུངས་དཀོན་པས་རྒྱུན་གཏན་གྱི་ཆུ་འདྲེན་སྟངས་སྤྱད་ཚེ་གཏན་ནས་ཡོང་ཐབས་མེད”ཅེས་སྤུ་ཧྲེང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ལག་རྩལ་པ་ཝང་ཏུང་གིས་བཤད། འཚོལ་ཞིབ་བྱས་པ་བརྒྱུད། ཁོང་ཚོས་ཡུར་བུ་ནས་རི་རྩེར་ཆུ་དྲངས་ཏེ་ཆུ་གསོག་རྫིང་བུ་བསྐྲུན་པ་དང་། ཐིགས་ཆུ་མདོང་དྲ་བརྒྱུད་སྡོང་རྐང་རེ་རེའི་རྩ་བར་གནད་སྨིན་ངང་ཆུ་དྲངས་ཡོད། “ཐིགས་ཆུ་བཏང་ན་གཞི་ནས་སྡོང་ཕྲུག་གི་རྩ་བ་སྲུང་ཐུབ”ཅེས་ཝང་ཏུང་གིས་བཤད།
གསོན་ཚད་འགན་ལེན་བྱ་ཆེད། “ལོ་ལྟར་གྱི་ཟླ་10པ་དང་11པར་ང་ཚོས་ངེས་པར་དུ་སྡོང་ཕྲུག་གི་རྩ་བར་ཆུ་སིམ་དུ་འཇུག་པ་དང་འཁྱགས་པར་བརྟེན་ནས་ཤིང་རྩའི་ཆུ་སྲུང་ཐབས་བྱེད་ཀྱི་ཡོད། ཕྱི་ལོའི་ཟླ་3པའི་ཟླ་མཇུག་ཏུ་འཁྱགས་པ་བཞུར་བ་དང་སླར་ཡང་ཆུ་བཏང་ཚེ་སྡོང་ཕྲུག་སྐམ་མི་སྲིད”ཅེས་ཝང་ཏུང་གིས་ངོ་སྤྲོད་བྱས།
ཆུ་ཕུད་ད་དུང“ཅི་ཞིག་འདེབས་པ་དང་ཇི་ལྟར་འདེབས་པའི”གནད་དོན་ཐག་གཅོད་བྱེད་དགོས། སྤུ་ཧྲེང་རྫོང་གིས“ས་འོག་ཏུ་སྦས་པ་དང་། ཆུ་གྲོན་ཆུང་། ཐིགས་ཆུ་གཏོང་བ། སྣོད་ཆས་ནང་མྱུ་གུ་གསོ་བ”བཅས་ཟུང་དུ་འབྲེལ་བའི་ས་མཐོའི་ནགས་བཟོའི་ལག་རྩལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། སྤུ་ཧྲེང་གི་རྒྱ་ལྕང་དང་། ལོ་མ་ཕྲ་བའི་འོམ་བུ་ཤིང་། གླ་ཚེར་སོགས་གྲང་ངར་བཟོད་ཐུབ་པའི་ཡུལ་དེ་རང་གི་ཤིང་རིགས་ལེགས་འདེམས་བྱས་ཏེ་རྒྱ་ཁྱབ་ཏུ་འདེབས་འཛུགས་བྱས་པ་རེད། མིག་སྔའི་བར་སྤུ་ཧྲེང་རྫོང་གི་ཤར་རིའི་སྔོ་འགྱུར་ལས་གྲྭར་སྔོ་འགྱུར་རྒྱ་ཁྱོན་མུའུ་1234ལྷག་ཙམ་ཆེ་རུ་ཕྱིན་པ་དང་། སྨི་ཁྲི་གཅིག་ལྷག་ཙམ་ཟིན་པའི་ཐིགས་ཆུའི་མདོང་དྲ་བཏིང་བས་སྡོང་ཕྲུག་གསོན་ཚད་80%ཡན་བར་འཕར་བ་རེད།
དེ་དང་ཆབས་ཅིག་སྤུ་ཧྲེང་རྫོང་གིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱ་སྤྱོད་རྒྱུན་རྣམ་ཅན་ངང་སྤེལ་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ“སྡོང་རྐང་བཅུའི་འཆར་གཞི”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་མང་ཚོགས་ལ་ཁང་པའི་རྒྱབ་མདུན་དུ་སྔོ་ལྗང་ལྗོན་ཤིང་འཛུགས་པར་ཁྲིད་སྟོན་བྱས་པ་རེད། 2025ལོར་རྫོང་ཡོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ཐད་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་1946.54བྱས་པ་དང་། ད་ཆ་རྒྱལ་ལམ་ལམ་རྒྱུད་དང་རྨ་བྱ་ཁ་འབབ་ལུང་གཞུང་དུ་མུ་འབྲེལ་གྱི་ལྗང་མདོག་བར་ཁྱམས་ཆགས་ནས་དེ་སྔའི“གྲོང་ཁྱེར་དང་གྲོང་རྡལ་དུ་ལྗོན་ཤིང་དཀོན་པ་དང་གྲོང་གསེབ་ཏུ་སྔོ་ལྗང་ཉུང་བའི”རྣམ་པ་རྦད་དེ་འགྱུར་ལྡོག་ཕྱིན་ཡོད།
ཁོར་ཡུག་བཅོས་སྒྲིག་བྱས་པས་གྲོང་གསེབ་དེ་བས་གནས་འཕྲོད་ཐུབ་པ།
སྤུ་ཧྲེང་གྲོང་རྡལ་སྟོད་ཡུལ་གྲོང་ཚོར་སྐྱོད་སྐབས་མིག་ལམ་དུ་མངོན་པ་ནི་གཙང་ལ་གྲལ་འགྲིག་པའི་གྲོང་ཚོའི་ལམ་བུ་དང་བོད་བཟོའི་སྒོ་ར་དང་དེ་བཞིན་དུད་ཚང་ཚང་མའི་ཁང་པའི་རྒྱབ་མདུན་དུ་ལྗོན་ཤིང་གིས་ཁེངས་པ་དེ་རེད།
“དང་ཐོག་རྫོང་གིས་མི་རེས་ཉུང་མཐར་ཡང་ལྗོན་ཤིང་རྐང་10འཛུགས་དགོས་པའི་བླང་བྱ་བཏོན་ཡོད། ད་ལྟ་ཚང་མས་རང་འགུལ་གྱིས་ལྗོན་ཤིང་འཛུགས་པ་དང་སྲུང་སྐྱོབ་བྱེད་ཀྱི་ཡོད”ཅེས་སྤུ་ཧྲེང་གྲོང་རྡལ་སྟོད་ཡུལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཆོས་འཕེལ་གྱིས་བཤད།
2014ལོར་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་རམ་འོག གྲོང་ཚོར་ཁོར་ཡུག་བཅོས་སྒྲིག་ལས་གྲྭ་གཅིག་གྱུར་ཐོག་ལག་བསྟར་བྱས་ནས་ཨར་འདམ་ལམ་འདིང་བ་དང་། སྒོ་ར་སྒྱུར་བཀོད། མི་ཕྱུགས་ལོགས་དབྱེ་ཁྱབ་གདལ། གསང་སྤྱོད་དང་གད་སྙིགས་བཤོ་ས་བསྐྲུན་པ་དང་། ཡུལ་མི་ཡོངས་སྒྲིག་འཛུགས་བྱས་ཏེ་ཁོར་ཡུག་ལ་གཙང་སྦྲ་མཐར་ཕྱིན་བྱས་པ་དང་ཆབས་ཅིག སྡོད་ཁང་གི་མཐའ་འཁོར་དང་གཞུང་ལམ་རྒྱུད་དུ་ཤིང་འཛུགས་ནགས་བཟོ་དང་བེད་མེད་དུ་ལུས་པའི་ས་ཆར་མེ་ཏོག་དང་རྩྭ་བཏབ་པས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།
ཁོར་ཡུག་ལེགས་སུ་ཕྱིན་པས་གྲོང་ཚོར་ཡང“སྐྱེ་ཁམས་ཀྱི་ཕན་པ”ཐོབ་ཡོད། ཡུག་འབྲེལ་གྱི་པད་ཁའི་མེ་ཏོག་དང་ཉམས་གསོ་བྱས་རྗེས་ཀྱི་ལུང་གཞུང་གི་མཛེས་ལྗོངས་ལ་བརྟེན་ནས་སྟོད་ཡུལ་གྲོང་ཚོར་ལྗོངས་གཟིགས་སྒང་བསྐྲུན་པ་དང་མགྲོན་ཁང་ནང་འདྲེན་བྱས་པ་མ་ཟད། ཡུལ་མིས་ཀྱང་ཞིང་དུད་སྤྲོ་སྐྱིད་ཁང་གཉེར་ཡོད། “2019ལོ་ནས་བཟུང་། འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་དེ་བས་མང་པོས་ས་མཐོའི་དབྱིངས་ཞུགས་རྣམ་པའི་ཞིང་སྡེའི་མཛེས་ལྗོངས་ལ་ཉམས་ལེན་བྱས་པས་ཡུལ་མིར‘སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ’བརྟན་པོ་བྱུང་ཡོད་ཅེས་བཀྲ་ཤིས་ཆོས་འཕེལ་གྱིས་བཤད།
སྟོད་ཡུལ་གྲོང་ཚོའི་འགྱུར་ལྡོག་ནི་སྤུ་ཧྲེང་རྫོང་གིས་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྤྱི་འདོམས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། སྤུ་ཧྲེང་རྫོང་གིས་སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་བདེ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་ཡོད། མིག་སྔར། རྫོང་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤང་གྲོང་3དང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་དང་གྲོང་ལྷན་10བསྐྲུན་པ། 2024ལོར། སྤུ་ཧྲེང་རྫོང་གིས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་རྫོང་བཏོད་པ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་ཚད་ལོ་འཁོར་མོར་99%ཡན་རྒྱུན་འཁྱོངས་ཐུབ་པ་བཅས་ལས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
འགོ་འཛུགས་ས་གསར་པར། སྤུ་ཧྲེང་རྫོང་གིས་གངས་ལྗོངས་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་མཐུད་བརྟན་དུ་བཏང་ནས་སྔོ་རྒྱ་ཆེར་གཏོང་དང་། སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་བཅས་ཀྱི་ཐད་སྙིང་རུས་གཏན་འཁྱོངས་ཀྱིས་རི་སྔོན་ཆུ་དྭངས་ཀྱི་སྐྱེ་ཁམས་ལས་མི་རིགས་ཁག་གི་མང་ཚོགས་ལ་རྒྱུན་མཐུད་ཕན་པ་ཐོབ་པར་བྱས་ཏེ། གངས་ལྗོངས་མཐའ་མཚམས་གྲོང་གི་སྐྱེ་ཁམས་ལེགས་བཅོས་ཀྱི་ལེའུ་གསར་རྐྱང་ཞིག་རྒྱུན་ཆད་མེད་པར་རྩོམ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།