དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཇོ་མོ་གླང་མའི་འདབས་ཀྱི་སྲོག་ཆགས་དང་རྩི་ཤིང་གི་ཁྱིམ་གཞིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-28

    སྟོན་རླུང་ཧི་མ་ལ་ཡའི་བྱང་འདབས་ཀྱི་རི་ཚོགས་སུ་ལྡང་བ་དང་བསྟུན་ནས། ཆུ་ཁོངས་དང་། སྤང་ལྗོངས། ན་འདམ་བཅས་མཉམ་དུ་འདྲེས་པའི་གཏིང་སྐྱེས་འདམ་ར་དབྱར་གཞུང་གི་སྔོ་ལྗང་ཅན་ནས། གསེར་མདོག་དང་། དམར་ནག ལྗང་སྐྱ་སོགས་ཚོན་མདོག་སྣ་ཚོགས་ཀྱིས་བརྒྱན་པའི་ཡུལ་ཞིག་ཏུ་གྱུར་ནས། གཡའ་དག་པའི་ནམ་མཁའ་དང་གཅིག་ལ་གཅིག་རྒྱན་གྱི་ཚུལ་དུ་མཛེས་ཤིང་ལྟ་ན་སྡུག་པའི་ས་མཐོའི་རི་མོ་ཞིག་དང་ཀུན་ནས་མཚུངས།

    སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་1.1ལྷག་ཙམ་ཟིན་པའི་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་འདམ་ར་དེ་ཤང་དང་གྲོང་རྡལ་10ལ་ཁྱབ་ཡོད་པ་དང་། ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་སུ་གནས་པས། 《ཀྲུང་གོ་རྒྱལ་ཁབ་ས་ཁམས》དུས་དེབ་ཀྱིས“གཙང་གི་མུ་ཏིག་འདམ་ར”ཞེས་པའི་མཚན་སྙན་སྤྲད་ཡོད།

    སྙན་འཇེབས་ལྡན་པའི་ཁྲུང་ཁྲུང་གི་སྐད་སྒྲས་ལྷིང་འཇགས་ཀྱི་འཇིག་རྟེན་དཀྲོགས་ནས་ཡངས་ཤིང་རྒྱ་ཆེ་བའི་མཐོ་སྒང་དུ་བྲག་ཅ་ལྷང་ལྷང་དུ་འཁོར་བཞིན་ཡོད་པ་དང་། རྒྱང་ལྟ་བྱེད་སྐབས་ཁྲུང་ཁྲུང་སྐེ་ནག་ཁྱུ་གཅིག་འདམ་རའི་དབུས་སུ་རེས་མངོན་རེས་ཡིབ་ཀྱི་ཚུལ་དུ་གནས་པ་དང་། ཐག་ཉེ་སར་ཁྲུང་ཁྲུང་སྐེ་ནག་གཉིས་ན་ཁའི་སྟེང་དུ་གནས་བཟོད་བདེ་པོས་འགྲོ་བཞིན་འདུག་པས། སྟོན་ཁའི་གཡའ་དག་པའི་ཨ་སྔོན་འོག་ཏུ་བྱ་སྒྲོ་ནག་པོ་དང་འཇིང་པ་དཀར་པོ་སོགས་མངོན་གསལ་ལྷག་པར་དོད། ཁོ་ཚོས་སྐབས་རེ་དལ་བུར་རྒུན་འབུ་འཐུ་བར་འགྲོ་བ་དང་། སྐབས་རེ་སྐད་གསང་མཐོན་པོས་སྐད་སྒྲ་སྒྲོག་པ། སྐབས་རེ་གཤོག་ཟུང་ལྷུག་ཤིག་གེར་རྐྱོང་བཞིན་ཡོད་པས། འདམ་ར་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་བཞིན་མཆིས། ཁྲུང་ཁྲུང་ཁྱུ་ཚོགས་ལོ་ལྟར་དེར་ཡོང་བ་དང་ཁག་གཅིག་གིས་དེ་གར་དགུན་ཁ་སྐྱེལ་བ་དང་རྒྱུད་པ་སྤེལ་བ་སོགས་ཀྱང་བྱེད་ཀྱི་ཡོད། དེ་ནི་མཐོ་གྲང་འདམ་རའི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་འགྲོ་བའི་གསོན་ཉམས་དོད་པའི་དཔང་རྟགས་ཤིག་ཡིན་པ་གོར་མ་ཆག

    འདམ་རའི་ལྕགས་དྲའི་ཕྱི་རོལ་གྱི་སྤང་ལྗོངས་སུ་རྟ་ནོར་ལུག་གསུམ་ཅི་དགར་རྒྱུ་བཞིན་ཡོད་པ་དང་། བ་གླང་དང་རྟ་ཡིས་གསེར་མདོག་ཅན་གྱི་སྤང་ཐང་དུ་དལ་བ་དལ་བུར་བསྐྱོད་དེ་སྟོན་མཇུག་གི་རྩྭ་ཆུར་རོལ་བཞིན་འདུག ཆུ་འགྲམ་དུ་ལུག་ཁྱུ་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟར་གནས་ཤིང་། རྒྱང་རིང་ནས་ལྟ་སྐབས་ཆུ་བོའི་ངོས་སུ་སྤྲིན་པའི་ལྡོག་གཟུགས་འཆར་བ་དང་གཉིས་སུ་མ་མཆིས། དེ་དག་གིས་རྩྭ་ཆུ་བཟང་ངན་དང་བསྟུན་ནས་དལ་གྱིས་སྒུལ་ཞིང་རྨིག་རྗེས་འདམ་རའི་ངོགས་སུ་བཞག གཏིང་སྐྱེས་འདམ་རར་རི་སྐྱེས་རྩི་ཤིང་ཡང་ཕུན་སུམ་ཚོགས་པོ་ཡོད་པ་དང་ཕལ་ཆེ་བ་ནི་ས་མཐོ་ཁོ་ནར་ཡོད་པའི་ཆུ་སྐྱེས་དང་། ཕྱེད་ཆུ་སྐྱེས། རྩྭ་སའི་སྐྱེ་དངོས་སོགས་ཡིན།

    མཐོ་སྒང་གི་འདམ་ར་འདིར་མཐོང་དཀོན་པའི་པད་མའི་སྦས་ལུང་ཞིག་ཡོད་ཅིང་། དེ་ནི་ཁྱུང་རྩེ་ཤང་ལྡུམ་རྭ་གྲོང་ཚོར་གནས་པ་དང་ས་ཁྱོན་མུའུ་600ཙམ་ཟིན་གྱི་ཡོད། མི་རྣམས་ཡིད་དབང་འཕྲོག་པའི་འདམ་རའི་ཡུལ་ལྗོངས་ནི་རང་བྱུང་ཁམས་ཀྱིས་གློ་བུར་དུ་སྦྱིན་པ་ཞིག་མིན་པར་ལོ་མང་རིང་རྒྱུན་སྲིང་ལྷོད་མེད་ཀྱིས་སྲུང་སྐྱོང་བྱས་པ་ལས་བྱུང་བ་ཞིག་རེད། མཐོ་གྲང་འདམ་རའི་སྐྱེ་ཁམས་མ་ལག་ཧ་ཅང་ཉམས་ཞན་ཡིན་པས་གལ་ཏེ་གཏོར་སྐྱོན་ཕོག་ཚེ་ཉམས་གསོ་བྱེད་པར་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། འདམ་ར་སྲུང་སྐྱོང་བྱ་རྒྱུ་ནི་གཏིང་སྐྱེས་ཀྱི་ཁོར་ཡུག་འཛུགས་སྐྱོང་གི་ལྟེ་བའི་ལས་དོན་ཞིག་རེད། གཏིང་སྐྱེས་རྫོང་གིས་འདམ་ར་བདག་སྐྱོང་ས་ཚིགས་གསུམ་བཙུགས་ནས་ས་གནས་དེ་གའི་ཞིང་འབྲོག་པ་ཆེད་ལས་བདག་སྐྱོང་གི་འགན་འཁུར་བར་བསྡུས་ཡོད།

    བདག་སྐྱོང་ལམ་ལུགས་གཞིར་བཟུང་དུས་ངེས་ཅན་དང་དུས་ངེས་མེད་དུ་སྐོར་གཡེང་བྱེད་ཅིང་། བདག་སྐྱོང་བས་ཞོགས་པ་སྔ་པོ་ནས་གྲང་ངར་ལ་མ་འཛེམས་པར་ཡོ་བྱད་དག་ཁྱེར་ནས་སྐོར་གཡེང་དུ་སྐྱོད་ཀྱི་ཡོད། ཁོང་ཚོས་སྤང་ཐང་རེ་རེ་དང་། ཆུ་ཁོངས་རེ་རེ། དུས་བྱ་གནས་སྤོའི་འགྲོ་ལམ་རེ་རེ་བཅས་ཚང་མར་རྒྱུས་མངའ་ཆེན་པོ་ཡོད་པ་དང་། སྐོར་གཡེང་བྱེད་པའི་ལམ་བར་དུ་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་། གང་བྱུང་དུ་གཡུག་པའི་གད་སྙིགས་སྒྲུག་པ། གཏོར་སྐྱོན་བཟོ་བའི་བྱེད་སྤྱོད་བཀག་འགོག སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་བཅས་བྱེད་ཀྱི་ཡོད་ཅིང་། ཁོངས་གཏོགས་ཁུལ་གྱི་འདམ་རའི་ཕྱོགས་གང་སར་ཁོང་ཚོའི་རྐང་རྗེས་བཞག་ཡོད། དེ་ལྟར་ཉིན་རེ་བཞིན་བརྟན་སྲུང་བྱས་པས་འདམ་རའི་གསོན་ཤུགས་རིམ་བཞིན་འཕེལ་ཡོད་པ་རེད།

    སྟོན་རླུང་ལྡང་བ་དང་བསྟུན་ནས་སྤང་རྩྭ་སྟུག་པ་དང་། མཚོ་མོ་དྭངས་བ། ནོར་ལུག་ཅི་གར་རོལ་བ། ཁྲུང་ཁྲུང་གར་ལ་རྩེན་པ་་བཅས་ཇོ་མོ་གླང་མའི་འདབས་ཀྱི་རྩི་ཤིང་དང་སྲོག་ཆགས་ཀྱི་ཁྱིམ་གཞིས་འདི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རི་མོ་ཞིག་དང་འདྲ་བར་མི་རྣམས་ཀྱི་འདྲེན་བྱེད་ཡུལ་དུ་རིམ་བཞིན་མངོན་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།