བོད་ལྗོངས་ཆབ་མདོས་ཚོགས་པ་བཙུགས་ནས་ཐེན་ཅིན་དུ་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་པ།
ཉེ་ཆར2026ལོའི་ཀྲུང་གོའི་རིག་གནས་ཡུལ་སྐོར་ཐོན་ལས་འགྲེམས་ཚོགས་ཐེན་ཅིན་མེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་པ་དང་། ཆབ་མདོས་གྲོང་ཁྱེར་དང་རྫོང་(ཆུས)རིག་གནས་ཡུལ་སྐོར་སྡེ་ཚན་དང་། གཙོ་གནད་རིག་གནས་ཡུལ་སྐོར་ཁེ་ལས། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཅས་ཀྱི་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ནང་ཞུགས་པ་རེད།
ཆབ་མདོའི་འགྲེམས་ཁུལ་དུ་ལས་དོན་པས་འགྲེམས་ཞུགས་མི་སྣར་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་སྤྲད་པས་ཆབ་མདོའི་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་དང་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་འགྲེམས་རྫས་ལ་ཐེན་ཅིན་གྱི་གྲོང་མི་དང་ཡུལ་སྐོར་བའི་ཡིད་དབང་རྦད་དེ་འཕྲོག་ཡོད། འགྲེམས་ཁུལ་དུ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པའི་མཛེས་ལྗོངས་ཁུལ་གྱི་རྣམ་པ་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས། ཡུལ་སྐོར་ལམ་ཐིག་རྩེ་གྲ་བཅས་ལས་ཆབ་མདོའི་གསར་བརྗེའི་རིག་གནས་དང་། གཙང་གསུམ་རང་བྱུང་ཉམས་འགྱུར། ཇ་རྟའི་གནའ་ལམ་གྱི་ལོ་རྒྱུས་དང་སྣ་མང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་བཅས་གསོན་ཉམས་དོད་པོས་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་ཚོགས་དུས་ཡུན་ཉིན་4ཡིན་པ་དེར་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། གྲངས་འཛིན་གྱི་ལས་རྣམ་གསར་པ། རིག་གནས་ཡུལ་སྐོར་སྒྲིག་ཆས། རྒྱལ་སྤྱིའི་མཉམ་ལས། ཐེན་ཅིན་གྱི་ཁྱད་ཆོས། སྤྱི་དམངས་ཀྱི་འཛད་སྤྱོད་སོགས་ཁྱད་ལྡན་འགྲེམས་ཁུལ་ཆེ་གྲས་བཅུ་བཙུགས་ནས་རིག་གནས་དང་། ཚོང་དོན། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ་རེད། ཆེད་ལས་བྱེད་སྒོ་ཐེངས་18དུས་གཅིག་ཏུ་སྤེལ་བའི་ནང་ས་ཁོངས་མཉམ་ལས་དང་། ཐོན་ལས་གསར་གཏོད། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། རིག་གནས་ཡུལ་སྐོར་འཛད་སྤྱོད་སོགས་ཁྱབ་ཁོངས་ཚུད་པ་དང་། གཅིག་སྡུད་གྲུབ་འབྲས་འགྲེམས་སྟོན་དང་། ལས་རིགས་སྤེལ་རེས། རྣམ་གྲངས་འབྲེལ་མཐུད། འཛད་སྤྱོད་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་རིམ་པའི་རིག་གནས་ཡུལ་སྐོར་ཐོན་ལས་ལས་སྟེགས་བསྐྲུན་རྒྱུ་རེད།
འགྲེམས་ཚོགས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་ཐེན་ཅིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་སྡེ་ཚན་དང་བོད་སྐྱོར་གྱི་རིག་གནས་ཡུལ་སྐོར་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཐད་བཞུགས་མོལ་བྱས་ནས་ཅིན་བོད་ས་གནས་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།