དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • སྣ་དཀར་རྩེའི་རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཏོང་བར་ད་དུང་འབད་བརྩོན་ཇི་ཙམ་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-22

    འདི་ནི་ཡར་འབྲོག་གཡུ་མཚོའི་གོང་མོ་མཚོ་འདམ་རར་སྤང་ལྗོངས་ཡངས་ཤིང་རྒྱ་ཆེ་ལ་ཆུ་བོ་དྭངས་ཤིང་གཙང་བས། ཁྲུང་ཁྲུང་མགོ་ཁྲ་བག་ཕེབས་ངང་གནས་པ།(སྣ་དཀར་རྩེ་རྫོང་ཨུད་དྲིལ་བསྒྲགས་པུས་པར་རིས་མཁོ་འདོན་བྱས་པ)

    རི་བོ་ཧི་མ་ལ་ཡའི་དབུས་རྒྱུད་ཀྱི་བྱང་ངོས་སུ་རྒྱལ་ལམ་219དང་རྒྱལ་ལམ་349སྣོལ་མར་མཐུད་ཅིང་། གཅིག་ནི་ཤར་ནས་ལྷ་སར་འགྲོ་ས་དང་གཅིག་ཤོས་ནི་ནུབ་ནས་གཞིས་རྩེར་འགྲོ་སའི་གཞུང་ལམ་རེད། རྒྱལ་ལམ་གཉིས་དབར་ཆ་སྙོམས་ས་བབ་སྨི་4500ཡོད་པའི་སྣ་དཀར་རྩེ་རྫོང་ཆགས་ཡོད།

    སྣ་དཀར་རྩེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་རེད་ལ། བོད་ཀྱི་མཐའ་མཚམས་རྫོང་གལ་ཆེན་ཞིག་ཀྱང་རེད། འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་ཡར་འབྲོག་གཡུ་མཚོ་དང་ཕུ་མ་གཡུ་མཚོ་ནི་རྫོང་དེའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་གལ་ཆེ་ཤོས་ཤིག་རེད། 2025ལོར་མི་ཐེངས་ཁྲི་185.94རྒྱལ་ལམ་དེ་གཉིས་བརྒྱུད་ཅིང་། ལ་ལས་འཁྱུག་ཙམ་བསྡད་དེ་འདྲ་པར་བླངས་རྗེས་མུ་མཐུད་ལམ་དུ་བཞུད་པ་དང་ལ་ལས་དེ་གར་བཞག་སྡོད་བྱེད་ཀྱི་ཡོད།

    འཛད་སྤྱོད་བྱེད་མང་དུ་སོང་ཡང་འབབ་འཕར་ལ་སྐུལ་འཁྲིད་དེ་ཙམ་ཐུབ་མེད་པ།

    ཉེ་བའི་ལོ་ཤས་རིང་། ཡར་འབྲོག་གཡུ་མཚོར་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པར་ཡུལ་སྐོར་གྱི་སྤྱིའི་འཛད་སྤྱོད་འཕར་ཚད་དེ་མི་ཐེངས་ཀྱི་འཕར་ཚད་ལས་བསྟུད་མར་མཐོ་བ་དང་། མི་རེའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་འཕར་བའི་རྣམ་པ་མངོན་མོད། འོན་ཀྱང་སྣ་དཀར་རྩེ་རྒྱལ་ལམ་གཉིས་ཀྱི་འབྲེལ་མཚམས་སུ་གནས་སྟབས་ཡུལ་སྐོར་བ་མང་ཆེ་བ་ལྷ་ས་དང་གཞིས་རྩེའམ་ཡང་ན་ཇོ་མོ་གླང་མར་སྐྱོད་མཁན་འགྲུལ་པ་ཤ་སྟག་རེད། དེས་ན་ཡུལ་སྐོར་བྱ་གཞག་དུས་ཡུན་རིང་པོའི་ནང་ལམ་བརྒྱུད་ལྟ་སྐོར་ཙམ་ལས་བཟའ་བཏུང་དང་། དམངས་སྲོལ་གནས་ཚང་། གྲོང་གསེབ་ཡུལ་སྐོར་བཅས་དང་དེ་བཞིན་མང་ཚོགས་འབབ་འཕར་སོགས་ཀྱི་ལྷུ་ཚིགས་ཐད་ཐོག་མཐའ་བར་གསུམ་དུ་སྐུལ་ཁྲིད་ནུས་ལྡན་ཐུབ་མེད།

    ཡུལ་སྐོར་བ་གནས་ཐུབ་པ་བྱ་ཆེད། ཉེ་བའི་ལོ་ཤས་རིང་སྣ་དཀར་རྩེ་རྫོང་གིས་ཡར་འབྲོག་གཡུ་མཚོ་སྐོར་བའི་ཡུལ་སྐོར་དང་ཞག་སྡོད་ཡུལ་སྐོར་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། ལམ་ཐིག་རྩེ་གྲ་བཞི་འཆར་འགོད་བྱས་པ། ལྗོངས་གཟིགས་སྒང་དང་། རླངས་འཁོར་འཇོག་ས། ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བཅས་བསྐྲུན་པ་མ་ཟད། རིག་ལྡན་ལམ་སྟོན་མ་ལག་ཀྱང་ནང་འདྲེན་བྱས་ཡོད། དེའི་དམིགས་ཡུལ་ནི་པར་རྒྱག་པ་ཙམ་མིན་པར་ས་ཡུལ་དངོས་སུ་ཡོང་རྒྱུ་དེ་ཡིན་ཞིང་། འགྱུར་ལྡོག་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་མོད། འོན་ཀྱང“ལམ་བརྒྱུད་ཡུལ་སྐོར”གྱི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་མེད།

    དཀའ་གནད་འགའ་ཞིག་བསལ་ཡོད་ལ་ད་དུང་འགག་གནད་ཁ་ཤས་ཀྱང་ལུས་ཡོད།

    སྣ་དཀར་རྩེ་རྫོང་གིས་ཉེ་བའི་ལོ་ཤས་རིང་སྤུས་རྟགས་བྱེད་སྒོ་སྤེལ་བ་དང་། རིག་གནས་ཤུལ་བཞག་སྔོག་འདོན། སྤྱི་པའི་རིག་གནས་ཞབས་ཞུ་དང་དེ་བཞིན་གྲངས་འཛིན་ཁྱབ་སྤེལ་སོགས་ཀྱི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཡོད།

    ཕུ་མ་གཡུ་མཚོའི་དགུན་དུས་ཀྱི“ལྷ་ཁབ་གཡང་དཀར་དར་བགྲོད”སྐབས་གསུམ་པ་དེ་གནམ་གཤིས་དབང་གིས་གཉེར་མེད་མོད། འོན་ཀྱང་སྐབས་གཉིས་པར་ས་གནས་ས་ཐོག་ཏུ་ཞུགས་ཚད་མི་ཐེངས་2000ལྷག་ཙམ་ཟིན་ཡོད། དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་30ཟིན་པ། དྲ་བ་ཡོངས་སུ་ལྟ་མཁན་མི་ཐེངས་དུང་ཕྱུར་1ལས་བརྒལ་ཡོད། ཡར་འབྲོག་གཡུ་མཚོའི་རོལ་དབྱངས་འདུ་ཚོགས་ཀྱིས་མི་6200ལྷག་ཙམ་གྱི་ཡིད་དབང་བཀུག་པ་དང་འཛད་སྤྱོད་བྱེད་ཚད་སྒོར་ཁྲི་56ཟིན་ཡོད། ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་བཞོན་པའི་ཡོངས་བསྒྲགས་འགྲན་བསྡུར་སྐབས་བཅུ་པར་ཞུགས་མཁན་མི་ཐེངས་ཁྲི་1.23ཟིན་པ་དང་རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་48.09ཟིན་ཡོད།

    རིག་དངོས་ཡོངས་བཤེར་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། འཐུས་གྲོང་ཚོའི་ར་ལ་བྲག་བརྐོས་རི་མོ་དང་ཕུ་པ་ནང་བྲག་བརྐོས་རི་མོ་ཆིག་སྟོང་ལྷག་ཙམ་མང་དུ་ཕྱིན་ཡོད། དཔེ་སྟོན་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་4བསྐྲུན་ཟིན་ནས་ཞིང་འབྲོག་པ་53ལས་ཞུགས་ཐུབ་པ་དང་འབབ་འཕར་སྒོར་ཁྲི་148བྱུང་ཡོད།

    “ཡར་འབྲོག་རིག་གནས་ཡུལ་སྐོར”ཞེས་པའི་ཁྱུག་དབྱིངས་ཨང་རྟགས་ནང་བརྩམས་ཆོས་140ཡོངས་བསྒྲགས་བྱས་པར་ལྟ་མཁན་ཁྲི་1300ལྷག་ཙམ་ཟིན་པ་དང་མོས་བསྟོད་བྱེད་མཁན་ཁྲི་100ལྷག་ཙམ་ཟིན་ཡོད། རིག་ལྡན་ཡུལ་སྐོར་ཁྲིད་སྟོན་མ་ལག་དུས་གཅིག་ཏུ་སྤྱོད་འགོ་ཚུགས་ནས“འགྲོ་སྡོད་སྤྱོད་གསུམ་དང་། ཉོ་སྒྲུབ་རོལ་རྩེད”བཅས་བསྡུ་སྒྲིལ་མཉམ་འབྲེལ་བྱས་ཏེ“ལམ་བརྒྱུད་ཡུལ་སྐོར”དེ“དམིགས་གཏད་ཡུལ་སྐོར”དུ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།

    རྨང་གཞིའི་སྒྲིག་བཀོད་ཐད་ལའང་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། ཡར་འབྲོག་གཡུ་མཚོའི་ལྗོངས་གཟིགས་སྒང་དང་། ཡུལ་སྐོར་གསང་སྤྱོད། རླངས་འཁོར་འཇོག་ས། ཡུལ་སྐོར་ཞབས་ཞུ་ལྟེ་གནས་བཅས་རིམ་སྤོར་བྱེད་བཞིན་ཡོད་པ་དང་རིག་ལྡན་ལམ་སྟོན་མ་ལག་ལམ་ཐིག་ཁྱོན་ཡོངས་ལ་ཁྱབ་ཡོད།

    ཡིན་ནའང་དཀའ་གནད་ཀྱང་དེ་དང་འདྲ་བར་མངོན་གསལ་དོད་པོ་ཡོད་ཅིང་། དགུན་དུས་སུ“ལྷ་ཁབ་གཡང་དཀར་དར་བགྲོད”ཕུད་ཐོན་རྫས་གཞན་དག་མཁོ་སྤྲོད་བྱེད་ཚད་སྔར་བཞིན་མང་པོ་མེད། “ཡར་འབྲོག་ལག་རྟགས”ཀྱི་རིག་གནས་བསམ་བཀོད་གསར་གཏོད་བྱེད་འགོ་ཚུགས་མ་ཐག་ཡིན་པས་ལྟེ་བའི་གསར་གཏོད་ཅིག་ཆགས་མེད། ཡུལ་སྐོར་ཤེས་པ་དང་། གཉེར་སྐྱོང་མཁས་པ། དོ་དམ་བྱེད་མཁས་པ་བཅས་ཀྱི་ཡུལ་དེ་གའི་ཤེས་ལྡན་པ་དཀོན་པོ་ཡོད།

    “རྒྱུགས་འབོར་ཆེ་ཆུང”དེ“སྡོད་ཚད་མང་ཉུང”ལ་འགྱུར་བར་འགག་རྩ་ནི་ཞན་ཆ་སེལ་རྒྱུར་ཐུག་ཡོད།

    རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་ཆ་ཚང་བཟོས་ཏེ་དུས་བཞིར་ཡོང་འབབ་གསོག་ཐུབ་པ་བྱེད་དགོས།

    དགུན་དུས“ལྷ་ཁབ་གཡང་དཀར་དར་བགྲོད”མུ་མཐུད་གཉེར་བ་དང་འབྲེལ། རྐང་ཐང་མར་སྐྱོད་པ་དང་འཁྱགས་ཐོག་པར་རྒྱག་ལས་ཁང་སོགས་ཀྱི་རྣམ་གྲངས་ཚོད་ལྟ་བྱེད་པ་དང་། དབྱར་དུས་ཞིབ་འཇུག་སློབ་སྦྱོང་བྱེད་པ་སྟེ། སྣ་དཀར་རྩེར་བྲག་བརྐོས་རི་མོ་དང་། མཐའ་མཚམས་ལམ་ཐིག ས་མཐོའི་སྐྱེ་ཁམས་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། སྟོན་དཔྱིད་དུས་ཚིགས་གཉིས་སུ་རྒྱལ་ལམ་219རུ་སྒེར་འཁོར་གཏོང་བ་དང་། ས་མཐོའི་སྐར་མར་ལྟ་བ། འབྲོག་པའི་འཚོ་བ་ཉམས་ལེན་སོགས་ཀྱི་ཐོན་རྫས་ཁྱབ་གདལ་བཏང་ནས་ལོ་ཧྲིལ་པོའི་ཐོན་རྫས་ཀྱི་ལོ་ཐོ་ཆགས་ཡོད།

    རིག་གནས་གསར་གཏོད་ཐད་ངེས་པར་དུ་རང་ཉིད་ལ་དབང་བའི་སྤུས་རྟགས་གཏོད་དགོས། བོད་ཀྱི“སའི་གོ་ལའི་སྣེ་གསུམ་པ། བོད་ལྗོངས་ཀྱི་ལག་རྟགས”ཀྱི་སྤུས་རྟགས་དང་འབྲེལ་མཐུད་བྱས་ཏེ་ཆེད་ལས་ཇུས་འགོད་ཚོགས་པ་ནང་འདྲེན་བྱས་པ་དང་། འཐུས་གྲོང་ཚོའི“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གྲོང་ཚོ”དང་། ལོ་ངོ་སྟོང་གི་གཡང་དཀར་དར་བགྲོད། ཡར་འབྲོག་གཡུ་མཚོ་སོགས་ཀྱི་སྣང་བརྙན་དཔྱད་གཞིར་བྱས་ནས་གཏམ་རྒྱུད་རང་བཞིན་གྱི་ལག་བཟོས་དང་། རྒྱན་ཆ། འཁེལ་འཐག་ཐོན་རྫས་བཅས་གསར་སྤེལ་བྱས་པ་མ་ཟད། དྲ་ཚོང་ལས་སྟེགས་ལ་བརྟེན་ནས་ཚོང་ལམ་རྒྱ་ཆེར་བཏང་བ་རེད།

    ཤེས་ལྡན་པ་དང་ཁེ་ཕན་གྱི་ལམ་ལུགས་དུས་མཉམ་དུ་མཐོར་འདེགས་གཏོང་དགོས། ས་གནས་དེ་གའི་མཐོ་སློབ་དང་ལས་རིགས་སློབ་གླིང་དང་མཉམ་ལས་བྱས་ཏེ་ས་གནས་དེ་གའི་རིག་གནས་ཡུལ་སྐོར་གཉེར་སྐྱོང་དང་། ཡུལ་སྐོར་སྣེ་ཤན་པའི་འགྲེལ་བཤད། རིག་གནས་བསམ་བཀོད་ཇུས་འགོད་སོགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱས་ཤིང་། “མཉམ་ལས་ཁང་དང་། ཁེ་ལས། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་དཔེ་དབྱིབས་ཁྱབ་གདལ་བཏང་ནས་ལྟེ་བའི་ཁུལ་ཁོངས་ཀྱི་མང་ཚོགས་ཡུལ་སྐོར་གཉེར་སྐྱོང་ནང་དེ་བས་གཏིང་ཟབ་ཞུགས་ཐུབ་པར་བྱས་ཡོད།

    སྣ་དཀར་རྩེ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་ཚབ་བྱེད་ཐབས་བྲལ་བའི་རང་བཞིན་ལྡན་པ་སྨོས་མེད་རེད། ཇི་ལྟར་བྱས་ནས་ལམ་བརྒྱུད་པ་ཚོ་སྡོད་དུ་འཇུག་པ་དང་། འགྲོ་འོང་བྱེད་མཁན་ཞག་སྡོད་བྱེད་དུ་འཇུག་པ། ཞག་སྡོད་བྱེད་མཁན་ཚོ་སླར་ཡང་ཡོང་དུ་འཇུག་པ་བཅས་མངོན་འགྱུར་བྱ་རྒྱུ་དེ་ཡུན་རིང་གི་འབད་བརྩོན་ལ་བརྟེན་དགོས། དེ་ལྟར་བྱས་ཚེ“ཡུལ་སྲོལ་གོམས་འདྲིས་ལྡན་པའི་ཡར་འབྲོག ཡིད་དབང་འཕྲོག་པའི་སྣ་དཀར་རྩེ”ཞེས་པའི་འབོད་ཚིག་གི་ནང་དོན་དང་ཡོངས་སུ་མཐུན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།