དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གངས་ལྗོངས་ས་མཐོའི་རི་སྔོན་ཆུ་དྭངས་ཡག་པོ་སྲུང་བ།

    ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་མཐོ་གྲང་འབྲོག་ཁུལ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-09

    ཁྲུང་ཁྲུང་སྐེ་ནག་ཨ་ར་འདམ་རར་ཅི་དགར་རོལ་བ་དང་། མུ་ལ་མུ་ཁྱུད་ཀྱི་གངས་རི་དང་ཡངས་པའི་སྤང་གཤོང་ལས་ས་མཐོའི་འདམ་རའི་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་གྲུབ་པ།

    སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ། གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པའི་ལག་ལེན་ཁྲོད་སྐྱེ་ཁམས་སྲུང་སྐྱོང་དང་། དཔེ་སྟོན་སྣེ་ཁྲིད། རིན་ཐང་གཞན་སྒྱུར། དམངས་ཆེད་སྐྱེ་ཁམས་ལེགས་སུ་གཏོང་བ་བཅས་མཐུན་སྦྱོར་མཉམ་སྤེལ་གྱི་མཐོ་གྲང་འབྲོག་ཁུལ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

    རི་ཆུ་བསྲུངས་ནས་སྐྱེ་ཁམས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ།

    ཨ་ར་འདམ་ར་ནི་ཁྲུང་ཁྲུང་སྐེ་ནག་གནས་སྤོ་བྱེད་སྐབས་བར་ངལ་གསོ་ས་གལ་ཆེན་ཞིག་ཡིན་ཞིང་། ལོ་ལྟར་དཔྱིད་ཀ་དང་སྟོན་ཀར་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་དེ་གར་ངལ་གསོ་བ་དང་ཟས་འཚོལ་བར་ཡོང་གི་ཡོད། ཞོགས་པ་ལྟ་ཞིབ་ཚད་ལེན་པས་འདམ་རའི་འགྲམ་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་རྒྱང་ཤེལ་ལ་བརྟེན་ནས་ཁྲུང་ཁྲུང་སྐེ་ནག་གི་གནས་ཚུལ་ཐོ་རུ་འགོད་ཀྱི་ཡོད། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། ས་གནས་དེ་གའི་ཁྲུང་ཁྲུང་སྐེ་ནག་དེ་སྔའི་བརྒྱ་ཡང་མ་ཟིན་པ་ནས་ད་ཆའི་500ལྷག་ཙམ་བར་མང་དུ་ཕྱིན་ནས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཕན་འབྲས་མིག་མཐོང་ལག་ཟིན་ཐུབ་ཡོད།

    མཐོང་ཆོས་སུ་གྱུར་པའི་སྐྱེ་སྟོབས་འདི་ནི་ལོ་མང་རིང་ཉིན་གཅིག་ལྟར་སྲུང་སྐྱོབ་ལས་བྱུང་བ་ཞིག་རེད། འདམ་གཞུང་རྫོང་གིས་གཉན་ཆེན་ཐང་ལྷའི་མཐོ་གྲང་སྤང་གཤོང་གི་སྐྱེ་ཁམས་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་མུ་མཐུད་བཏང་ནས་རི་སྟེང་དུ་ཆུ་འདྲེན་པའི་ལག་རྩལ་དང་མི་མེད་གནམ་གྲུས་སོན་བཤོ་བའི་རྩྭ་འདེབས་ཚོད་ལྟ་བྱས་ཏེ། རྩྭ་ཁེབས་ཚད་ཆེ་རུ་བཏང་ནས་སྔོ་ལྗང་སླར་གསོ་ཐུབ་པར་བྱས་ཡོད། ནགས་སྲུང་བ་ཚོས་སྦག་སྦག་བཏང་ནས་རྩྭ་ཐང་དང་འདམ་རར་སྐོར་སྲུང་བྱས་ཏེ། ཉིན་གང་རྩྭ་རའི་གནས་ཚུལ་ཐོ་འགོད་དང་སྒྲིག་འགལ་ངང་ཕྱུགས་འཚོ་རིགས་བཀག་འགོག་བྱེད་ཀྱི་ཡོད།

    ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་འདམ་གཞུང་རྫོང་ཡན་ལག་ཅུས་ཀྱིས་སྡེ་ཚན་མང་པོ་དང་མཉམ་དུ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ཅིང་། རླངས་འཁོར་གྱི་མཇུག་རླངས་དང་འགྲོ་ལམ་དང་ལས་ཡུལ་གྱི་ཐལ་རྡུལ་ལ་དོ་དམ་ཚོད་འཛིན་ནན་པོ་དང་། ས་རྒྱུའི་སྦགས་བཙོག་བརྟག་དཔྱད་དང་ཉེན་ཁར་དོ་དམ་དང་ཚོད་འཛིན། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དང་གཙང་པོ་དང་མཚེའུ་ཡི་བཙོག་འབུད་མདོ་ཁ་བཅོས་སྒྲིག གཙོ་གནད་ཁེ་ལས་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་དོན་འཁྱོལ་བྱས་ཚུལ་ལ་དུས་ངེས་མེད་ངང་ལྟ་སྐུལ་མཛུབ་ཁྲིད་བཅས་བྱས་པ་རེད།

    “ད་ཆ་རྫོང་ཁོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་བྱུང་བ་དང་ས་ངོས་ཆུ་དང་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་རྒྱུན་མཐུད་ལེགས་པོ་ཡོད། ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་པ་ནི་འདམ་གཞུང་རྫོང་གི་བཀྲག་མདངས་འཚེར་ཤོས་ཀྱི་ཁྱད་ཆོས་ཡིན་ལ། ང་ཚོས་མང་ཚོགས་ལ་ཕུལ་བའི་རྒྱུགས་ལན་ཡང་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་འདམ་གཞུང་རྫོང་ཡན་ལག་ཅུས་ཀྱི་ཅུས་ཀྲང་རྒྱལ་པོས་བཤད།

    སྔོ་ལྗང་འཛུགས་སྐྲུན་བྱས་པ་ལས་གཞན་སྒྱུར་གྱི་བགྲོད་ལམ་ཡངས་སུ་ཕྱིན་པ།

    རྩྭ་ཐང་སྔོ་ཐིང་ཐིང་དུ་གྱུར་པ་དང་བསྟུན་ནས་འཚོ་བ་ཡང་ཕྱུག་ཏུ་ཕྱིན་ཞིང་། འདམ་གཞུང་རྫོང་གིས་མཐོ་གྲང་འབྲོག་ཁུལ་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ། སྔོ་ལྗང་ལ་བརྟེན་ནས་ཡོང་འབབ་གཏོད་པའི་གཞན་སྒྱུར་བྱེད་སྟངས་འཚོལ་ཞིབ་བྱས་པར། 2023ལོར་རྒྱལ་ཁབ་ཀྱི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིར་བདམས་པ་རེད།

    “འབྲི་གཡག་དང་། རྩྭ། ཆུ། མཚེའུ། གློག”བཅས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། རྒྱལ་ཡོངས་ཀྱི་ཁྲོམ་རར་ཁུངས་འདེད་ཐུབ་པའི་ཚགས་ཤ་བཏོན་པ་དང“7100”དང“5100”འཁྱགས་རོམ་ཆུ་ས་མཐོའི་མིང་བྱང་དུ་གྱུར་ཡོད། གནམ་མཚོ་རྒྱུག་ཁུལ་ལ་དམིགས་ཏེ་ཆུའི་ཐོན་ཁུངས་དང་། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་བཅས་མཐུན་སྦྱོར་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཐོག འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་། སྒྲིག་འགལ་སྐྲུན་དངོས་བཅོས་སྒྲིག ལྟེ་བའི་ཁུལ་གནས་སྤོ་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་དང་2023ལོར་གནམ་མཚོ་འདི་ཉིད་རྒྱལ་ཁབ་རིམ་པའི་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་ཡི་ཕུལ་བྱུང་དཔེ་མཚོན་ནང་བདམས་ཡོད། གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོ་དང“འདམ་སྤྱི་རིམ”རྟ་རྒྱུག་སོགས་ཀྱི་ཁྱད་ལྡན་བྱེད་སྒོར་བརྟེན་ནས་ཡུལ་སྐོར་ལས་རིགས་ཀྱང་ཁེར་རྐྱང་གི་ལྟ་སྐོར་ནས་ཕྱོགས་བསྡུས་ཕན་འབྲས་བར་རིམ་སྤོར་བྱུང་བ་སྟེ། འབྲོག་པས་རང་ཁྱིམ་གྱི་རྟ་འཁྲིད་དེ་རྟ་རྒྱུག་ལ་ཞུགས་པ་དང་ཡུལ་སྐོར་བས་མཚོ་འགྲམ་གྱི་དམངས་སྲོལ་གནས་ཚང་དུ་གངས་རིར་ལྟ་བ་དང་། སྐར་ཚོགས་ལ་པར་རྒྱག་པ། ཇ་བསྲུབས་མ་འཐུང་བ་སོགས་བྱེད་ཀྱི་ཡོད།

    ས་མཐོའི་ཕུན་སུམ་ཚོགས་པའི་རླུང་ནུས་དང་ཉི་ནུས་ཐོན་ཁུངས་ལ་གཞི་ཚུགས་ཏེ། འདམ་གཞུང་རྫོང་གིས་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་རྒྱུ་དེ“ཐཱན་གཉིས”ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པ་དང་། ནུས་རྒྱུ་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཤིང་། མིག་སྔའི་བར། འདམ་གཞུང་རྫོང་གི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་100ལས་བརྒལ་ཡོད། མང་ཚོགས་ཀྱིས་གནད་འགག་དམ་པོར་བཟུང་བ་དང་། ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་པ། “བདེ་སྐྱིད་ལྡན་པའི་ཆུ”འཐུང་རྒྱུ་བྱུང་བ། “ལྗང་མདོག་གློག”སྤྱོད་རྒྱུ་བྱུང་བ་བཅས་སྐྱེ་ཁམས་ཀྱི་ཁེ་འབབ་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།

    དམངས་ཕན་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཉམ་སྐྲུན་གྱི་རྣམ་པ་བཟང་པོ་མངོན་པ།

    སྐྱེ་ཁམས་བཟང་མིན་མང་ཚོགས་ཀྱིས་བཤད་པར་ཆ་འཇོག་དགོས།

    ཉིན་དགུང་གི་མཚམས་སུ། ཀོང་ཐང་ཤང་གྲོང་དཀར་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཡུལ་མི་ཚོ་གཅིག་ཏུ་རུབ་སྟེ་གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་གི་ཇུས་གཞིར་གྲོས་བསྡུར་བྱེད་བཞིན་འདུག “གྲོང་ཚོའི་དོན་དག་ལ་ཚང་མས་མཉམ་དུ་གྲོས་བསྡུར་བྱེད་པ་དང་ཁོར་ཡུག་ལ་མཉམ་དུ་དོ་དམ་བྱས་པས། འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་ཡུལ་མི་ཟླ་བས་བཤད། འབྲོག་པ་ཚོ“ཟུར་ནས་ལྟ་མཁན”ནས“དེའི་ནང་ཞུགས་མཁན”དུ་གྱུར་པ་དང་འདམ་རར་སྐོར་སྲུང་བྱེད་པ་དང་། གད་སྙིགས་སྒྲུག་པ། གྲོང་ཚོའི་རྣམ་པ་བཅོས་སྒྲིག་ནང་ཞུགས་པ་བཅས་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོང་བྱེད་པ་དེ་ཚང་མའི་ཐུན་མོང་གི་བྱ་སྤྱོད་ཅིག་ཏུ་གྱུར་པ་དང་། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་མང་ཚོགས་ཚོའི་རེ་འདོད་རྒྱུན་མཐུད་ངང་བསྐངས་ཡོད།

    ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དམ་འཛིན་བྱ་གཞིར་བྱས་ནས་འདམ་གཞུང་རྫོང་གིས“མང་ཚོགས་ཞུགས་པ་དང་། གནད་དོན་གྲལ་བཤེར། དག་ཐེར་སྒྲུབ་སྐུལ། ཕུགས་ཕན་སྲ་བརྟན”བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་བཙུགས་ཏེ། མང་ཚོགས་ཀྱི་རེ་འབོད་སྐྱེ་ཁམས་བཅོས་སྐྱོང་གི་དམིགས་ཚད་དུ་བརྩི་བ་དང་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ནས་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ཏེ་མང་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་བསློགས་ཡོད། མིག་སྔར་རྫོང་ཡོངས་ཀྱི་ཤང(གྲོང་རྡལ)8དང་གྲོང་ཚོ(གྲོང་ལྷན)29ཚང་མར་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་བསྐྲུན་པ་དང“སྙིགས་མེད་ཕྲ་ཕུང”15བསྐྲུན་ནས། ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་ཡོད།

    གནམ་དེ་བས་སྔོ་བ་དང་། ཆུ་དེ་བས་དྭངས་བ། རྩྭ་དེ་བས་སྔོ་བ། མི་དེ་བས་ཕྱུག་པ་བཅས་ཀྱི་འདམ་གཞུང་རྫོང་གི་ལྗང་མདོག་རྒྱུགས་ལན་ལས་མང་ཚོགས་ཀྱི་ངོ་གདོང་ལ་འཛུམ་མདངས་འཕྱུར་ཞིང་། སྔོ་ཞིང་དྭངས་བའི་རི་ཆུ་སྲུང་བ་ནི་གསེར་རི་དངུལ་རི་སྲུང་བ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་འཚོ་བ་ཡག་པོ་སྲུང་བ་ཞིག་རང་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།