དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཐའ་མཚམས་ཡུལ་ལྗོངས་ལྟ་ན་སྡུག རིག་གནས་ཡུལ་སྐོར་ཐོན་ལས་དར།

    གྲོ་མོ་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-07

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གིས་ཡུལ་སྐོར་རྫོང་གྲགས་ཅན་གཏོད་པའི་དམིགས་ཚད་ལ་གཞིགས་ནས“རྒྱལ་ཁབ་གསུམ་གྱི་ཉམས་སྣང་གཅིག་ཏུ་མངོན་པ་དང་། དུས་བཞི་རི་མོ་ལྟར་མཛེས་པ། ཁ་དོག་སྣ་ལྔའི་གྲོ་མོ”བཅས་ཀྱི་མཛེས་སྡུག་ལྡན་པའི་མིང་བྱང་བཏོད་དེ། རིག་གནས་ཡུལ་སྐོར་ཐོན་ལས་དེ་ཀ་རྟེན་ཐོན་ལས་ལ་བརྩིས་ནས་དམ་འཛིན་གྱིས་ཡུལ་སྐོར་ལམ་ཐིག་འཆར་འགོད་ཞིབ་ཚགས་བྱས་པ་དང་། ཡུལ་སྐོར་ཉམས་ལེན་ཐོན་རྫས་སྣ་ཚོགས་བཏོད་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། འདི་ལོའི་ལོ་སྟོད་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་14ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་7558བྱུང་ཡོད་པ་རེད།

    རང་བྱུང་མཛེས་ལྗོངས་ཡག་པོ་བསྲུངས་ནས་མདུན་ལམ་བཟང་པོ་བཏོད་པ།

    གྲོ་མོ་རྫོང་གི་བྱང་ནས་ལྷོ་བར་གྱི་ས་བབ་ལ་ཧེ་བག་སྨི་3000ཙམ་ཡོད་ཅིང་། ས་བབ་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་པས“རི་བོ་གཅིག་ནས་དུས་བཞིའི་རྣམ་པ་མངོན་བ་དང་ལེ་དབར་བཅུ་རེ་ནས་གནམ་གཤིས་མི་འདྲ་བ་རེ་ཚོར་ཐུབ་ཀྱི་ཡོད་པ་རེད”

    ས་བབ་སྨི་7400ཙམ་ཡོད་པའི་ཇོ་མོ་ལྷ་རི་ལོ་ངོ་ཁྲི་སྟོང་མང་པོའི་རིང་ཡུལ་དེར་འགྱིང་ངེར་གནས་པ་དང་། རི་འདབས་སུ་གནས་པའི་མདོ་ཆེན་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་དགའ་ཚལ་རེད། དབྱར་དུས་ཕག་རི་རྩྭ་ཐང་དུ་རི་སྐྱེས་མེ་ཏོག་སྣ་ཚོགས་བཞད་ནས“ཁ་དོག་སྣ་ལྔའི་སྤང་ལྗོངས”སུ་འགྱུར་གྱི་ཡོད། གྲོ་མོའི་ལྷོ་ཕྱོགས་སུ་ཕྱིན་པ་ན། གྲོ་མོ་སྟོད་དང་ཤར་གསིང་མའི་རྒྱུད་དུ་ལོ་མ་ཕྲ་རིགས་ཤིང་སྡོང་གིས་ཁེངས་ནས་ལོ་གཅིག་དུས་བཞི་སྔོ་ཐིང་ངེར་གནས། གྲོ་མོའི་ལྷོ་སྣེར་གནས་པའི་བང་མདའ་གྲོང་ཚོར་སླེབས་སྐབས་ཚ་རྒྱུད་ཕལ་པའི་ཁུལ་དུ་སྐྱེ་བའི་ལོ་མ་ཆེ་བའི་ཤིང་ནགས་སྟུག་པོས་བརྒྱན་ཡོད།

    “མཛེས་ལྗོངས་ནི་རང་བྱུང་ཁམས་ཀྱིས་བསྩལ་བ་ཞིག་རེད། ཡུལ་སྐོར་བས་འདི་དག་ཇི་ལྟར་བྱས་ནས་མཐོང་ཐུབ་པ་དང་དེར་ཡོང་ཐུབ་པ་དང་གནས་ཐུབ་པ་བྱེད་དགོས་ན་ང་ཚོའི་ལས་དོན་པས་ལས་དོན་མང་པོ་སྒྲུབ་དགོས”ཞེས་བོད་ལྗོངས་གྲོ་མོ་ཡུལ་སྐོར་དོ་དམ་ཚད་ཡོད་ཀུང་སིའི་ཅིང་ལི་གཞོན་པ་ཁྲེན་ཧུང་ཡིང་གིས་ངོ་སྤྲོད་བྱས། དེར་བརྟེན། གྲོ་མོ་རྫོང་གིས་ཁམ་བུ་ཆུ་ཚན་ལུས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་སོགས་རྣམ་གྲངས་ཁག་6སྔ་རྗེས་སུ་ལག་ལེན་བསྟར་བ་དང་ཧྲང་ཧའེ་བོད་སྐྱོར་ལ་བརྟེན་ནས་རིག་གནས་ཕྱོགས་བསྡུས་བྱེད་སྒོའི་རྟེན་གཞི་སོགས་རྣམ་གྲངས་ཁག་3ལག་ལེན་བསྟར་བ་དང་འབྲེལ་རྫོང་དེའི་གཞུང་ཁོངས་ཁེ་ལས་བོད་ལྗོངས་གྲོ་མོ་ཡུལ་སྐོར་དོ་དམ་ཚད་ཡོད་ཀུང་སི་བཙུགས་པ་རེད། ཉེ་བའི་ལོ་གསུམ་རིང་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་ཙམ་བཏང་ཡོད་པ་རེད།

    རྫོང་གྲོང་དང་བར་ཐག་སྤྱི་ལེ་3.5ཡོད་པའི་ཡུལ་སྐོར་བའི་ལྟེ་གནས་ཀྱི་ཉེ་འགྲམ་དུ་སྒེར་འཁོར་བཏང་ནས་ཡོང་བའི་ཡུལ་སྐོར་བར་སྒར་རྒྱག་སའི་རྟེན་གཞི་ཉིན་མཚན་དབྱེར་མེད་ངང་རིན་མེད་ཀྱིས་སྒོ་འབྱེད་ཀྱི་ཡོད། དེར་ཆུ་གློག་གི་སྒྲིག་བཀོད་ཆ་ཚང་ལ། རང་འདོད་ཀྱི་རླངས་འཁོར་འཁྲུད་ས་དང་། གོས་འཁྲུད་ས། ཐབ་ཚང་། གཟུགས་པོ་འཁྲུད་ས། གློག་གསོག་སའི་གློག་སྡོང་བཅས་བཀོད་སྒྲིག་བྱས་ཏེ་ཡུལ་སྐོར་བའི་དགོས་མཁོ་སྣ་ཚོགས་སྐོང་བ་དང་ཡུལ་སྐོར་གྱི་ཉམས་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

    རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པར་བརྟེན། གྲོ་མོས་ཐོན་རྫས་རིམ་དབྱེ་དང་ཡུལ་སྐོར་ལམ་ཐིག་རྒྱ་ཆེར་གཏོང་བའི་ཐད་བསམ་བློ་གཏོང་འགོ་ཚུགས་ཡོད། ས་མཐོའི་ཡུལ་སྐོར་གྱི་དཀའ་གནད་ལ་དམིགས་ནས་གྲོ་མོས་ཁམ་བུ་ཆུ་ཚན་དུ“དགུན་དུས་ལུས་གསོའི”སྤུས་རྟགས་བཏོད་ཡོད་པ་སྟེ། ཆུ་མིག་12ཀྱི་ཆུ་ལ་གཏེར་རྒྱུ་སྣ་ཚོགས་འདུས་ཡོད་པ་དང་ལོ་ཧྲིལ་པོར་ཆུ་ཚན་རྒྱག་ཆོག་པས་དུས་ཚིགས་ཀྱི་ཚོད་འཛིན་ཕོག་གི་མེད། ད་དུང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་བོད་ལུགས་གསོ་རིག་གི་ལུམས་བཅོས་ཀྱང་ཡོད་པས། སྒེར་འཁོར་བཏང་ནས་ཆུ་ཚན་རྒྱག་པར་ཡོང་མཁན་རྒྱུན་ཆད་རྒྱུ་མེད། སླེབས་ཐེངས་རེར་གཟའ་འཁོར་གཅིག་ཡན་སྡོད་ཀྱི་ཡོད་པས། ལོ་འཁོར་མོའི་སིལ་ཚོང་དངུལ་འབོར་སྒོར་ཁྲི་300ཟིན་གྱི་ཡོད།

    མིག་སྔར་གྲོ་མོ་རྫོང་དུ་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་6ཡོད་པ་དང“ཡུལ་ལྗོངས་མཛེས་པའི་གྲོ་མོར་དུས་བཞིར་ཡུལ་སྐོར་བྱེད”ཅེས་པ་སོགས་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་པའི་ལམ་ཐིག་དང་དེ་བཞིན་བསྟན་པ་སྒང་གི་རྐང་ཐང་ལམ་ཐིག་དང“རྒྱལ་མཚམས་སུ་གནས་པའི་པ་ཤར་དུ་ཉིན་གཅིག་ཡུལ་སྐོར་བྱེད་པའི”ཡུལ་སྐོར་ལམ་ཐིག་བཏོད་ཡོད།

    དོ་ཁུར་བྱེད་འོས་པ་ཞིག་ནི་ཡུལ་སྐོར་ཐོན་ཁུངས་འདི་དག་གསར་སྤེལ་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོར་སྲུང་བཞིན་ཡོད།

    ཁྱད་ལྡན་རིག་གནས་ཀྱི་མངོན་མིན་རིག་གནས་ཤུལ་བཞག“འགྲེམས་སྟེགས”ནས་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་བྱས་པ།

    གྲོ་མོར་མངོན་མིན་རིག་གནས་ཤུལ་བཞག་མི་ཉུང་བ་ཞིག་ཡོད་དེ། སྲོལ་རྒྱུན་གྱི་མདའ་འཕེན་དང་། སེང་གེའི་བྲོ་དང་རྨ་བྱའི་ཞབས་བྲོ། ཁམ་བུའི་མགོ་རིལ་པད་ཏོག བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་། མིག་སྔའི་བར་རྫོང་ཡོངས་སུ་རིམ་པ་མི་འདྲ་བའི་མངོན་མིན་རིག་གནས་ཤུལ་བཞག་ཁག་19ཡོད་པ་རེད།

    མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་རྒྱས་དགོས་ན། འགྲེམས་སྟོན་ཁོ་ནར་བརྟེན་མི་རུང་། གྲོ་མོས་ཐབས་མང་མཉམ་སྤྱོད་ཀྱིས་རྒྱུན་འཛིན་པ་སོ་སོའི་དགོས་མཁོར་གཞིགས་ནས་དེ་བསྟུན་གྱི་རོགས་སྐྱོར་བྱས་ཏེ། ཁོང་ཚོར་ཚོང་ལམ་འཚོལ་རོགས་དང་། མཐུན་རྐྱེན་སྦྱོར་རོགས། ཁྱབ་གདལ་གཏོང་རོགས་བཅས་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མང་ཚོགས་ཀྱི་འཚོ་བའི་ནང་མཉམ་འདྲེས་ཀྱིས་ཉམས་ལེན་ཐུབ་པ་དང་འཛད་སྤྱོད་ཐུབ་པའི་ཐོན་རྫས་སུ་འགྱུར་བར་བྱས་ཡོད།

    གྲོ་མོ་རྫོང་གི་དགྱེས་རུའི་འཇིམ་བརྙན་བཟོ་རྩལ་ནི་གཞིས་རྩེ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རེད་ལ“བོད་ཀྱི་རྙིང་ཁུངས་མིང་ཅན”ཁག་གཉིས་པའི་སྤུས་རྟགས་ཀྱང་རེད། རྫོང་གྲོང་གཙང་འགྲམ་ལམ་གྱི་རྐང་ཐང་ལམ་ཁྲོམ་གཞུང་དུ་གནས་པའི་དགྱེས་རུའི་འཇིམ་བརྙན་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ལྟེ་གནས་དེ་མངོན་གསལ་ཧ་ཅང་དོད་པོ་ཡོད་ཅིང་། “འདི་གར་གནས་ས་ཡག་པོ་ཡོད་པའི་སྒང་ལ་ཁང་གླ་ཡང་མཐོ་པོ་མི་འདུག དེས་ན། ཐོན་རྫས་འགྲེམས་སྟོན་བྱེད་ཐུབ་ལ་བྲིན་འཚོང་ཡང་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་རྒྱུན་འཛིན་པ་རྡོ་རྗེ་ཚེ་རིང་གིས་བཤད།

    གྲོ་མོས་གྲོང་གསེབ་ཀྱི་ཡུལ་སྐོར་དང་མི་རིགས་ལག་ཤེས་བཟོ་རྩལ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་གནད་སྨིན་རོགས་སྐྱོར་བྱས་ནས། སྤྲེའུ་མཇུག་རིང་གི་རྩེད་ཆས་དང་། བརྗོད་དོན་གཙོ་བོའི་མཚན་སྒྲོན། འཚེམ་དྲུབ་སོགས་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས་ཏེ་ས་གནས་དེ་གའི་རིག་གནས་ཁྱབ་སྤེལ་དང་མཉམ་སྤྱོད་ཐུབ་པར་བྱས་པས། 2025ལོ་ནས་བཟུང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་60ལྷག་ཙམ་ཟིན་ཡོད།

    ཡུལ་སྐོར་ལས་རིགས་དར་བ་དང་བསྟུན་ནས་མང་ཚོགས་ཀྱི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཏུ་གྱུར་ཡོད།

    བང་མདའ་གྲོང་ཚོ་ནི་དཔེ་མཚོན་ཡག་ཤོས་ཤིག་ཡིན་ཞིང་། ཧྲང་ཧའེ་ཡིས་རོགས་སྐྲུན་བྱས་པའི་མཐའ་མཚམས་གྲོང་ཚོ་དེས་ཡུལ་བབ་དང་བསྟུན་ནས་ཞིང་ལས་དང་མཐའ་མཚམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ཞིང་། དེ་ཡང་དམངས་སྲོལ་གནས་ཚང་གཉེར་བ་དང་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཀྱི་ཐབས་ལམ་བརྒྱུད་ནས། མང་ཚོགས་སྒོ་རྩ་ནས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་དང་མཐའ་མཚམས་དར་རྒྱས་ཡོང་བའི་ལམ་བུར་བསྐྱོད་ཐུབ་ཡོད། མང་ཚོགས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང་། 2025ལོར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.73ཟིན་ཡོད་པ་རེད།

    གསར་བརྗེའི་ཡུལ་སྐོར་བྱ་ཡུལ་ཡུག་གཅིག་ཏུ་སྦྲེལ་ནས་བསམ་བློའི་སློབ་གསོ་གཏོང་བ།

    གྲོ་མོ་རྗོང་དུ་གསར་བརྗེའི་རྩ་ཆེའི་ཐོན་ཁུངས་མང་པོ་ཡོད་ཅིང་། གྲོ་མོ་རྫོང་གི་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་པའོ་ཅིའུ་ཧའེ་ཡིས“ང་ཚོས་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་ཐོན་ཁུངས་དེ‘སློབ་དེབ་གསོན་པོ’ཞིག་ལ་བརྩིས་ནས་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་སྤྱི་ཚོགས་ཕན་འབྲས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། མཐའ་བརྟན་མཐའ་དར་བཅས་གསར་བརྗེའི་ཡུལ་སྐོར་བརྗོད་དོན་གཙོ་བོར་བྱས་ནས་ཏང་ཡོན་གྱི་སློབ་གསོ་དང་། གཞོན་ནུ་ལོ་ཆུང་གི་ཞིབ་སློབ། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་མཐའ་མཚམས་ས་ཁུལ་གྱི་ཡུན་རིང་བདེ་འཁོད་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་གི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    བྱང་རྒྱུད་ཀྱི་ཆུ་མིག་གཤོངས་ཀོའི་དབྱིན་འགོག་གནའ་ཤུལ་ནས་གྲོ་མོ་སྟོད་ཀྱི“དམག་དཔོན་གྱི་ལམ་དུ་བསྐྱར་དུ་སྐྱོད་པའི”བར་དང་། དེ་ནས་དུང་དཀར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་རྫོང་གྲོང་གི་མཐའ་མཚམས་འགག་སྒོའི་རིག་གནས་འགྲེམས་སྟོན་ཁང་། རྣ་ཐོས་ལའི་རྒྱལ་སྒོ་བར་བཅས་སུ་གྲོ་མོ་རྗོང་གི་གསར་བརྗེའི་ཡུལ་སྐོར་གྱི་ཐོན་ཁུངས་དང་མཛེས་ལྗོངས་ཁུལ་ཡུག་གཅིག་ཏུ་སྦྲེལ་ཡོད།

    “འགྲོ་འོང་བྱེད་མཁན་ཡུལ་སྐོར་བས་རླངས་འཁོར་ཁ་བཀག་ནས་ལྟ་སྐོར་བྱེད་པའི་དོན་དངོས་ལ་དམིགས་ནས། ཤང་གིས་དང་བླངས་པ་བཀོད་སྒྲིག་བྱས་ཏེ་བོད་རྒྱ་དམག་དམངས་ཀྱིས་དགྲ་བོར་མཉམ་སྡང་བྱེད་པའི་དཔའ་བོའི་ལོ་རྒྱུས་སྐོར་བརྗོད་ཀྱི་ཡོད”ཅེས་ཆུ་མིག་གཤོངས་ཀའི་དབྱིན་འགོག་གནའ་ཤུལ་གྱི་མདུན་དུ་དུད་སྣ་ཤང་གི་ཤང་ཀྲང་ལི་ཡུས་ཀྱིས་བཤད་པ་དང་། ཁོང་གིས་རྫོང་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན་པའི་ངོས་ནས་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ལྟ་སྐོར་བྱས་རྗེས“མི་རྐྱང་རྟ་རྐྱང་ལས་མི་ལྷག་རུང་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་བྱེད་པའི”མི་རིགས་ཀྱི་ལ་རྒྱ་ཟབ་མོ་ལྡན་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་ཟེར་གྱི་འདུག་ཅེས་བཤད།

    རྒྱལ་མཚམས་སུ་གནས་པའི་པ་ཤའི་མཛེས་ལྗོངས་ཁུལ་ནི་གསར་བརྗེའི་ཡུལ་སྐོར་གྱི་ལྟེ་བའི་ས་གཤིས་མཚོན་རྟགས་ཤིག་ཡིན་པ་དང་། མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པ་སྐལ་བཟང་བདེ་སྐྱིད་ཀྱིས་འགྲེལ་བཤད་བརྒྱབ་པ་ལས་སེམས་འགུལ་ཆེ་ཤོས་ཐེབས་པ་ནི་ཨ་མ་རྒན་མོ་གསུམ་གྱིས་དམག་ལ་བཀུར་བ་དང་དཔུང་སྡེས་མཐའ་མཚམས་སྲུང་བའི་སྐོར་གྱི་གཏམ་རྒྱུད་རེད། “ཐེངས་ཤིག་ཡུལ་སྐོར་ཚོགས་པ་ཁྲིད་སྐབས། དམག་ཁོངས་ནས་ཕྱིར་ལོག་པའི་མཚོ་དམག་གི་ཨ་ཅག་ཅིག་རྒྱལ་སྒོར་སླེབས་རྗེས་མིག་ཆུ་ཤོར་སོང་། ཁོ་མོས་ང་ལོ་ན་རྒས་རུང་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་དངོས་སུ་མཐོང་ཐུབ་པ་ནི་བསམ་ཡུལ་ལས་འདས་སོང་ཞེས་བཤད་བྱུང”ཞེས་སྐལ་བཟང་བདེ་སྐྱིད་ཀྱིས་སྐབས་དེ་དུས་ཀྱི་རྣམ་པ་དྲན་གསོ་བྱེད་ཀྱིན་མིག་ཟུང་མཆི་མས་ཁེངས་བཞིན་དེ་ལྟར་བཤད། ཁོང་གིས“དེ་ལས་ངས་ཕ་ཡུལ་གྱི་མི་དམངས་ཀྱིས་ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་པའི་གཏམ་རྒྱུད་དེ་མི་དེ་བས་མང་བར་ཤོད་རྒྱུའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།