ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན། ལོ་ལེཌ་ཡོང་བར་གདེང་ཚོད་ཁེངས།
སྟེང་ཆེན་རྫོང་གིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་གྱི་ཚད་གཞི་མཐོ་བའི་ཞིང་ཁའི་དཔེ་སྟོན་ཁུལ་དུ་ནས་ཞིང་རི་གཤམ་བར་ཆགས་པ་དང་འདྲུད་འཐེན་འཁོར་ལོ་ཞིང་ཟུར་དུ་བཞག་སྟེ་ཡུལ་མི་ཚོས་ངལ་གསོ་ཞོར་ཇ་འཐུང་བ་དང་ཁ་བརྡ་གློད་བཞིན་མཆིས།
“དེ་གོང་ང་ཚོའི་གྲོང་ཚོར་ས་ཞིང་མུའུ་2000ལྷག་ཙམ་ཡོད་པ་དང་ལམ་གུ་དོག་པས་རླངས་འཁོར་གཏོང་ཁག་པོ་ཡོད་པ་མ་ཟད། ཆུ་ཤིན་ཏུ་དཀོན་པས་ཞིང་ཁ་འདེབས་པར་གནམ་ཆུ་སྒུག་དགོས་ཀྱི་ཡོད། ད་ཆ་རྫོང་གིས་ས་ཞིང་ཚང་མ་ཁོད་སྙོམས་པ་དང་ཆུ་ཡུར་བཟོས་ཡོད་ལ་ཞིང་ནང་དང་མུ་ཁ་བར་ལམ་བཟོས་ཡོད”ཅེས་སྟེང་ཆེན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཉི་མས་ཞིང་གི་རྣང་མའི་སྟེང་ལངས་ཏེ་དགའ་ཚོར་ཆེན་པོས་བཤད།
སྟེང་ཆེན་ནི་ས་བབ་མཐོ་བ་དང་། དྲོད་ཚད་དམའ་བ། ས་ཞིང་ཁ་ཐོར་བཅས་ཡིན་པས། དེ་སྔ་ས་ཞིང་འདེབས་ཁག་པོ་ཡོད། ཉེ་བའི་ལོ་ཤས་རིང་། རྫོང་གིས་དཀའ་གནད་དེ་དག་ལ་དམིགས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། ས་ཞིང་ཁོད་སྙོམས་པ་དང་། ས་རྒྱུ་ལེགས་བཅོས་བྱེད་པ། ཆུ་གྲོན་ཆུང་གིས་ཞིང་ཆུ་འདྲེན་པ། ཞིང་ནང་དུ་ལམ་བཟོ་བ་སོགས་ལས་ཀ་སྣ་ཚོགས་བྱེད་ཀྱི་ཡོད། མཐོ་དམའ་མི་སྙོམས་པ་དང་། སྲབ་ཅིང་སྐམ་ཤས་ཆེ་བའི་རི་ཞིང་དེ་དག་རིམ་བཞིན་གཅིག་བསྡུས་ཡུག་འབྲེལ་དང་། ཐན་ཞོད་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ། འཕྲུལ་འཁོར་གཏོང་ཐུབ་པ་བཅས་ཀྱི་ཐོན་འབབ་བརྟན་པའི་ཞིང་ཁར་གྱུར་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་རྫོང་ཡོངས་སུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་16.5བསྐྲུན་པ་དེ་དག་གཙོ་གནད་འབྲུ་འདེབས་ཤང་དང་གྲོང་རྡལ་8ལ་ཁྱབ་ཡོད།
སྟེང་ཆེན་རྫོང་གྱང་སྔོན་ཤང་གི“བོད་ནས་ཨང་2000”འདེབས་འཛུགས་རྟེན་གཞིར་བཀྲ་ཤིས་རྡོ་རྗེ་སྒུར་སྒུར་བྱས་ཏེ་ཞིང་ནང་དུ་ལས་ཀར་བྲེལ་བཞིན་ཡོད་ཅིང་། ཁོང་གིས་ལོ་ཏོག་རྐང་གཅིག་བཀོག་ནས་རྩ་བར་བལྟས་རྗེས་སླར་ཡང་མགོ་བོ་བཏེགས་ནས་གནམ་ལ་བལྟས་ཏེ“ངའི་ཁྱིམ་གྱི་ས་ཞིང་མུའུ་ཉི་ཤུ་ལྷག་ཙམ་དེ་སྔ་རི་ལྡེབས་སུ་ཡོད་པ་དང་དུད་འགྲོའང་འདྲེད་བརྡར་ཤོར་གྱི་ཡོད་པས་འཕྲུལ་འཁོར་དེ་བས་འགྲོ་ཐབས་བྲལ། ད་ཆ་ས་ཁོད་སྙོམས་པ་དང་ལམ་ཡང་བཟོས་པས་རང་ཁྱིམ་ལ་འབྲུ་རིགས་འབེལ་འབེལ་ལྷུག་ལྷུག་ཡོད་པའི་ཁར་ད་དུང་ཕྱིར་འཚོང་རྒྱུ་ཡང་ཡོད”ཅེས་བཀྲ་ཤིས་རྡོ་རྗེས་དགའ་ཚོར་ཆེན་པོས་བཤད།
ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པར་ས་རྒྱུ་ལེགས་སུ་གཏོང་དགོས་པ་མ་ཟད། ཞིང་ཁ་འདེབས་མཁན་ལ་དེ་བས་ཕན་པ་ཐོབ་པར་བྱེད་དགོས། རྣམ་གྲངས་ལག་བསྟར་བྱེད་སྐབས་སྔོན་ལ་ས་གནས་དེ་གའི་ལས་མི་སྤྱོད་པ་དང་མང་ཚོགས་ཁྲོད་ནས་ལས་མི་སྤྱོད་ཚད་80%ལས་བརྒལ་བ་དང་དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་སྔོན་ལ་བཀོད་སྒྲིག་བྱེད་ཀྱི་ཡོད། 2025ལོར་རྫོང་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས་ནས་གླ་ཆ་སྒོར་ཁྲི་1000ལྷག་ཙམ་སྤྲད་པར་མི་ཆིག་སྟོང་ལྷག་ཙམ་ལ་རང་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་བྱུང་ཡོད།
ས་ཁོད་སྙོམས་ཟིན་པས་ཚན་རྩལ་ཡང་སྤྱོད་ཐུབ་པ་བྱེད་དགོས། སྟེང་ཆེན་གྱིས་ཚད་གཞི་མཐོ་བའི་ཞིང་ཁའི་ཡུག་ཁུལ་ཚང་མར“བོད་ནས་ཨང་2000”དང“བོད་ནས་ཨང་3000”སོགས་ཐོན་མཐོ་ཐོན་བརྟན་གྱི་ནས་ཀྱི་ས་བོན་ཁྱབ་གདལ་བཏང་བ་དང་། ས་དཔྱད་ལུད་སྦྱོར་ལུད་རྒྱག་དང་མི་མེད་གནམ་གྲུས་སྨན་གཏོར་རྒྱུ་དེ་རྒྱུན་གཏན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད། ས་མཐོའི་ཞིང་ཁའི་དཀའ་གནད་ཆེ་ཤོས་ནི་འཁྱགས་སྐྱོན་དང་། འབུ་སྐྱོན། ལོ་ཏོག་ཉལ་བ་སོགས་ཡིན་མོད། དེ་དག་ལ་ཁ་གཏད་གཅོག་ཐབས་ཡག་པོ་ཞིག་ཡོད་ཅིང་། རྨོ་བ་དང་། འདེབས་པ། བསྡུ་བ་བཅས་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་75%བར་མཐོ་རུ་ཕྱིན་ནས་མི་རབས་རྒན་གྲས་ཀྱིས་མི་ཕྱུགས་ལ་བརྟེན་པའི་སོ་ནམ་བྱེད་སྟངས་རིམ་བཞིན་ལོ་རྒྱུས་སུ་གྱུར་ཡོད།
“དེ་སྔོན་སྟེང་ཆེན་གྱི་ས་ཞིང་མུའུ་གཅིག་ནས་འབྲུ་རིགས་རྒྱ་མ་སུམ་བརྒྱ་བཞི་བརྒྱ་ཙམ་བྱུང་ན་རྩེ་གྲ་ཡིན་མོད། ད་ཆ་སོན་བཟང་བརྗེས་པ་དང་ལག་རྩལ་གསར་པ་སྤྱོད་ཐུབ་སྟབས་ས་ཞིང་མུའུ་རེ་ནས་རྒྱ་མ་ལྔ་བརྒྱ་དྲུག་བརྒྱ་བསྡུ་རྒྱུ་ཡོད་ལ་ས་ཞིང་ལེགས་གྲས་ནས་རྒྱ་མ་བདུན་བརྒྱ་བརྒྱད་བརྒྱ་ཙམ་བསྡུ་རྒྱུ་ཡོད། ཚད་གཞི་མཐོ་བའི་ཞིང་ཁས་ས་མཐོའི་འབྲུ་རིགས་ཐོན་འཕར་ལ་རྨང་གཞི་ཡག་པོ་བཏིང་ཡོད”ཅེས་སྟེང་ཆེན་རྫོང་ཞིང་འབྲོག་ཚན་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དཀོན་མཆོག་ཚེ་རིང་གིས་གདེང་ཚོད་ཆེན་པོས་དེ་ལྟར་བཤད།
སྒྱུར་བཀོད་ཏན་ཏིག་དང་། བདག་སྐྱོང་ཞིབ་ཚགས། སྤྱོད་གོ་ཆོད་པའི་ཚན་རྩལ་བཅས་ལས་ས་མཐོའི་ས་ཞིང་གཤིན་པོར་ལོ་ལེགས་བྱུང་ནས་སྒྱུར་བཀོད་བྱས་རྗེས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་མུའུ་རེའི་ནས་ཐོན་འབབ་རྒྱ་མ་ཉིས་བརྒྱ་ཡན་མཐོ་རུ་ཕྱིན་ཡོད། རྫོང་དེ་ཡོངས་ཀྱི་ནས་འདེབས་ཁྱོན་མུའུ་ཁྲི་12.49ཟིན་ནས་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་4.02ཟིན་ཡོད། ས་ཞིང་གཤིན་པོར་ལོ་ལེགས་བྱུང་བ་དང་ལོ་ལེགས་ཀྱིས་ཐོན་ལས་ལ་སྣེ་ཁྲིད་བྱས་ཏེ་ནས་གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་ལས་སྣོན་རགས་ཙམ་བྱེད་པའི་ཁར་རྨོ་ཞིང་གི་ས་བཅུད་སྲུང་བའི་ཁ་གསབ་བསྣན་པས་ཚང་མའི་འབྲུ་རིགས་འདེབས་པའི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།