“བོད་ལ་སླེབས་ན་བོད་ཀྱི་མི་རེད”
བོད་དུ་རིག་གནས་ཡུལ་སྐོར་གྱི་ཚ་རླབས་རྒྱུན་ཆད་མེད་པར་འཕྱུར་བཞིན་ཡོད་པའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། “བོད་ལ་ཡུལ་སྐོར་དུ་འགྲོ་བ”ཞེས་པའི་ཚིག་དུམ་དེ་དྲ་ཐོག་འཚོལ་བཤེར་བྱེད་མང་ཤོས་ཀྱི་གྲས་སུ་གྱུར་ནས། ཡུལ་སྐོར་ཁྲོམ་རའི་ཚ་རླབས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་རེད། འཚོལ་བཤེར་བྱེད་མང་ཤོས་ཀྱི་གྲས་སུ་འགྱུར་དོན་ནི་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི“ས་ཁོངས་ཧྲིལ་པོ་དང་། ལོ་འཁོར་མོ། དམངས་ཡོངས”བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། “བོད་ལ་སླེབས་ན་བོད་ཀྱི་མི་རེད”ཅེས་པའི་ལྷག་བསམ་ཟོལ་མེད་དང་སེམས་རྩ་འཁོལ་པོར་བརྟེན་ནས་བྱུང་བ་ཞིག་རེད།
2021ལོའི་ཟླ་11པར། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ས་ཁོངས་ཧྲིལ་པོ་དང་ལོ་འཁོར་མོའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། 2025ལོར་བཀྲམ་པའི《ནོར་སྲིད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ཁག་བཅུ་གཉིས》ནང་། གཙོ་གནད་རྣམ་གྲངས་དང་། སྤུས་རྟགས་གཏོད་པ། དྲིལ་བསྒྲགས་འོས་སྦྱོར། “མགྲོན་པོ་བོད་དུ་བསུ་བ”སོགས་ལ་རྒྱབ་སྐྱོར་བྱེད་པའི་ཐད་དངོས་དངོས་རྗེན་རྗེན་གྱི་བྱ་ཐབས་ནུས་ལྡན་བཏོན་ཡོད། ད་ཆ་ལམ་དང་དྲ་བས་རྨང་གཞི་དང་། ཐོན་རྫས་ཀྱིས་ནང་དོན། ཞབས་ཞུས་འགན་ལེན་བཅས་བྱེད་པའི་ས་ཁོངས་ཧྲིལ་པོ་དང་ལོ་འཁོར་མོའི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ཁ་གསལ་ཞིག་ཆགས་ཡོད།
ལམ་དྲ་ཤར་གཏོང་ཐུབ་པས་ཐག་རིང་ལ་མགྱོགས་པོ་སླེབས་པ།
“ད་ནི་ང་ཚོར་བོད་སྐྱོད་ཐབས་ལམ་མང་པོ་ལྷགས་མེད”ཅེས་པའི་དྲ་རྒྱའི་ཐོག་དར་སོ་ཆེ་བའི་སྐད་ཆ་འདི་ལས་བོད་ཀྱི་ད་ཆའི་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་མཚོན་གྱི་ཡོད་ལ། དེ་ནི་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་བར་བྱེད་པའི་འདེགས་སྐྱོར་ཆེ་ཤོས་ཤིག་ཀྱང་རེད།
ད་ཆ་བོད་དུ་སྐྱོད་པའི་ཐབས་ལམ་སྔ་ས་ནས་སྣ་མང་ཕུན་སུམ་ཚོགས་པོར་གྱུར་ཟིན་པ་སྟེ། རླངས་འཁོར་གཏོང་བ་དང་། མེ་འཁོར་ལ་སྡོད་པ། གནམ་གྲུར་སྡོད་པ། ད་དུང་མི་འགའ་རེས་རྐང་ཐང་མར་སྐྱོད་པ་དང་རྟ་བཞོན་པ། ཐ་ན་རྐོ་འདྲུའི་འཕྲུལ་འཁོར་བཏང་ནས་ཡོང་མཁན་་སོགས་ཡོད། 2025ལོའི་ལོ་མཇུག་བར། བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་12.52ལས་བརྒལ་བ་དང་། ཆུ་ཚོད་གསུམ་ནང་ཚུན་དུ་གྲོང་ཁྱེར་ལྔར་སླེབས་པའི་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་འཁོར་རྒྱས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོར་སྐུལ་འདེད་ནུས་ལྡན་གཏོང་བཞིན་ཡོད།
རྒྱལ་ལམ་318དང་། ལྷ་ཉིང་རིམ་མཐོའི་གཞུང་ལམ། ལྷ་ནག་མྱུར་བགྲོད་གཞུང་ལམ་སོགས་ལྗོངས་གཟིགས་ལམ་ཆེན་མང་པོ་ལས་གངས་ལྗོངས་ས་མཐོར་མགྱོགས་པོ་འབྱོར་བ་དང་ཡུལ་སྐོར་ལྷོད་ལྷོད་བྱེད་ཐུབ་པ་བྱུང་ཡོད།
མཁའ་ལམ་ཡང་དེ་དང་འདྲ་བར་ཇེ་མང་དུ་སོང་ཡོད་དེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ལྟེ་བར་བྱེད་པའི“མ་ལམ་གཅིག་དང་ཡན་ལག་བདུན”གྱི་སྐྱེལ་འདྲེན་གནམ་ཐང་གི་བཀོད་པ་བཟོས་པས། མཁའ་ལམ་204ཤར་གཏོང་ཐུབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་84ལ་གནམ་གྲུ་ཤར་གཏོང་ཐུབ་པར་བརྟེན། འགྲུལ་པ་ལྷ་ས་ནས་ཐོན་ཏེ་ཉིན་གཅིག་ནང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་འབྱོར་གྱི་ཡོད།
སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་སི་ཁྲོན་གྱི་སྐུ་ཞབས་ཀྲང་ལགས་ལའང་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། “ནག་ལྷ་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་ནུབ་ལ་བསྐྱོད་ཚེ་ཉིན་གཅིག་ནང་ལྷ་ས་ནས་བོད་བྱང་ཐང་དུ་འབྱོར་གྱི་འདུག ལམ་བར་གྱི་ཞབས་ཞུའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད་པས་ང་ཚོ་ཡུལ་སྐོར་བ་བློ་བདེ་པོ་དང་སེམས་སྐྱིད་པོ་འདུག”ཅེས་བཤད།
འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པས་ཡུལ་སྐོར་བ་མང་དུ་ཕྱིན་པ་མ་ཟད། གང་སར་སྐྱོད་ཐུབ་པ་བྱུང་ཡོད།
ཐོན་རྫས་རིམ་སྤོར་བྱས་པས་ཡུལ་ལྗོངས་ལ་ལྟ་བ་ནས་འཚོ་བར་མྱོང་རོལ་ཐུབ་པར་གྱུར་པ།
བོད་དུ་སྐྱོད་པའི་འགྲིམ་འགྲུལ་གྱི་གནད་དོན་ཐག་གཅོད་བྱས་རྗེས། བོད་ཀྱིས་ཡུལ་སྐོར་གྱི་ཉམས་ལེན་ཟབ་མོ་ཐུབ་པའི་ཇུས་གཞི་ནུས་ཤུགས་ཡོད་རྒུས་བཏིང་སྟེ། ཡུལ་སྐོར་བ་ལམ་ཞོར་འཁེལ་བ་ནས་ཞག་སྡོད་བྱེད་པ་དང་ཡུལ་ལྗོངས་ལ་ལྟ་བ་ནས་དེའི་ནང་ཞུགས་འདོད་བྱེད་པའི་བར་གྱི་འགྱུར་ལྡོག་གཏོང་བཞིན་ཡོད།
ལྷ་སར་བར་སྐོར་ལྟེ་བར་བྱས་པའི་ལོ་རྒྱུས་རིག་གནས་ཉམས་ལེན་ཁུལ་དུ་བོད་ཆས་གྱོན་ནས་པར་རྒྱག་པ་དང་། ཐང་ག་བཞེངས་པ། སྤོས་བཟོ་བ། ཇ་ཁང་རིག་གནས་བཅས་གཞི་གཅིག་ཏུ་མཉམ་འདྲེས་བྱུང་བ་དང་། ཉེ་འཁོར་གྱི་ཁྱད་ལྡན་རིག་གནས་ཉམས་ལེན་ཁང་སྣ་ཚོགས་མི་རྣམས་ཀྱིས་བརྗེད་པར་དཀའ་བར་གྱུར་ཡོད།
ཧང་ཀྲོའུ་ཡི་ཡུལ་སྐོར་བ་ཝང་ལགས་ཀྱིས“བོད་ཆས་གྱོན་ནས་བར་སྐོར་དུ་ཁྲོམ་སྐོར་བ་དང་། ཐང་ག་བཞེངས་པ། ཇ་ཁང་དུ་ཇ་མངར་མོ་འཐུང་བ་སོགས་ལས་ས་གནས་དེ་གའི་འཚོ་བ་ཉམས་སུ་མྱོང་ཐུབ་པས་ཧ་ཅང་དགའ་པོ་བྱུང”ཞེས་བཤད།
ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཏའེ་ཞུའེ་ཧྥུང་གིས། རྒྱལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སྤྱི་ཁོག་གི་མཐོང་སྣེ་ལས་དབྱེ་ཞིབ་བྱེད་སྐབས་དེང་གི་བོད་ལྗོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཐོབ་པ་མ་ཟད། དེ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་ཤིག་ཀྱང་བྱུང་ཡོད་ཅེས་བརྗོད་པ་རེད།
བོད་ཀྱིས“ཡུལ་སྐོར+”དང“+ཡུལ་སྐོར”མཉམ་འདྲེས་ཀྱི་རྣམ་པ་ཧུར་ཐག་བཏོད་དེ་རྟ་རྒྱུག་དང་། རྐང་འཁོར་འགྲན་བསྡུར། ལོ་ལེགས་ཀྱི་ཉམས་ལེན་སོགས་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་དང་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་གྲངས་ཧུར་ཐག་བཏོད་དེ་ཡུལ་སྐོར་བར་ས་མཐོར་ལྟད་མོ་ལྟ་ས་ཡོད་པ་དང་། རྩེད་མོ་རྩེ་ས་ཡོད་པ། ཅ་ལག་ཉོ་ས་ཡོད་པ་སོགས་བྱས་ནས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་དེ་བྱེད་ཐེངས་གཅིག་ནས་མང་པོར་སྒྱུར་བཞིན་ཡོད།
ས་གནས་ཁག་ཏུ་ཉམས་ལེན་ཟབ་མོ་བྱེད་པའི་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་ལག་ལེན་བསྟར་བས་ས་ཁོངས་ཧྲིལ་པོར་ཡུལ་སྐོར་བྱེད་པའི་མ་ལག་ཅིག་ཆགས་ཡོད། དེ་ཡང་2025ལོར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5000ལྷག་ཙམ་ལ་སྣེ་ལེན་ཞུས་པས། ཡུལ་སྐོར་གྱི་འགྲོ་སོང་བསྡོམས་སྒོར་དུང་ཕྱུར་606ཟིན་པ་མ་ཟད། མཚན་མོའི་ཡུལ་སྐོར་དཔལ་འབྱོར་དང་གྲངས་འཛིན་ཉམས་ལེན་སོགས་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད་པ་དང་། གཞིས་རྩེ་གྲོང་ཁྱེར་དུ་མཁའ་ཐོག་དང་སྐམ་ས་མཉམ་འདྲེན་ལ་བརྟེན་པས་འཛད་སྤྱོད་འཕེལ་བ། ལྷོ་ཁ་གྲོང་ཁྱེར་གྱི“བོད་མིའི་འབྱུང་གནས་ལྷོ་ཁའི”སྤུས་རྟགས་དང་མཐའ་མཚམས་ཡུལ་སྐོར་སྒུལ་ཤུགས་གསར་པར་གྱུར་པ། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ས་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། ཆབ་མདོ་གྲོང་ཁྱེར་གྱིས་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་ལམ་ཐིག་གསར་པ་བཏོད་པ། ནག་ཆུ་གྲོང་ཁྱེར་གྱི“གླིང་སྣེའི་ནག་ཆུ”མི་སེམས་སུ་གཏིང་ཟབ་ཟུག་པ། མངའ་རིས་ས་ཁུལ་གྱི“མཁའ་དབྱིངས་ཀྱི་མངའ་རིས”ཀྱི་སྤུས་རྟགས་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།
ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བས་ས་མཐོའི་ཡུལ་སྐོར་གྱི་དྲོ་སྐྱིད་ཐོབ་ཚོར་ཆེ་རུ་ཕྱིན་པ།
བོད་དུ་ལམ་ཤར་གཏོང་ཐུབ་པ་དང་། ཡུལ་ལྗོངས་མཛེས་པ། འཚོ་བར་མྱོང་རོལ་ཆོག་པ་བཅས་ཡོད་པ་མ་ཟད། ད་དུང་དྲོ་སྐྱིད་ཀྱང་ཆེན་པོ་ལྡན་ཡོད། རིག་གནས་ཡུལ་སྐོར་ནི་ཀུན་གྱི་ཁས་ལེན་ལ་བརྟེན་པའི་དཔལ་འབྱོར་ཞིག་ཡིན་པས་བོད་ཀྱིས་དྲོ་སྐྱིད་ལྡན་པའི་བྱ་སྤྱོད་རེ་རེ་ལས་ས་མཐོའི་ཡུལ་སྐོར“སྒྲིག་ཆས་ཚད་ལོན”ནས“ཉམས་ལེན་མཐོར་གཏོང”གི་ཕྱོགས་སུ་རིམ་སྤོར་བྱེད་བཞིན་ཡོད།
ཡུལ་སྐོར་བས་དོ་ཁུར་ཆེ་ཤོས་བྱེད་པའི་ས་མཐོར་མི་འཕྲོད་པའི་གནས་ཚུལ་ལ་དམིགས་ནས་2026ལོའི་བོད་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཡུལ་སྐོར་གྱི“ལམ་ཐིག་ཧྲིལ་པོར་གསོ་རླུང་ཡོད་པའི”བྱ་སྤྱོད་ཚོད་ལྟ་བྱ་རྒྱུ་ཁ་གསལ་བཏོན་ཡོད། ཀྲུང་གོ་རྡོ་སྣུམ་བོད་ལྗོངས་ཕྱིར་ཚོང་ཀུང་སིས་ལྗོངས་ཡོངས་ཀྱི་སྣུམ་སྣོན་ས་ཚིཌ་200ལྷག་ཙམ་ལ“གངས་ལྗོངས་ས་ཚིགས”བཙུགས་ནས་རིན་མེད་ངང་གསོ་རླུང་རྔུབ་ཆོག་པའི་ཞབས་ཞུ་མཁོ་འདོན་བྱས་པ་དང་འབྲེལ། ས་ཁུལ་བསྒྲལ་ནས་ཡུལ་གཞན་དུ་ཕྱིར་སློག་ཆོག་པའི“གསོ་རླུང་བོགས་གཏོང”གི་ཞབས་ཞུ་སྤེལ་ཏེ་ས་ཁོངས་ཧྲིལ་པོར་གསོ་རླུང་རྔུབ་ཆོག་པའི་ཞབས་ཞུ་ཁྱབ་གདལ་བཏང་ཡོད། རྒྱལ་ལམ་318བརྒྱུད་ནས་བོད་དུ་ཡོང་བའི་ཀྲེ་ཅང་གི་ཡུལ་སྐོར་བ་སྐུ་ཞབས་ཝུའུ་ལགས་ཀྱིས་ལྷ་སའི་དཔལ་རོང་སྣུམ་སྣོན་ས་ཚིགས་སུ་གསོ་རླུང་རྔུབ་ཞོར་དུ“ལག་ཐོགས་ཁ་པར་ནས་རྩ་གཉིས་ཨང་རྟགས་བཤེར་ཚེ་གསོ་རླུང་བོགས་མར་བླངས་ཆོག་པ་མ་ཟད། ད་དུང་མངའ་རིས་ལ་འབྱོར་རྗེས་ཕྱིར་སློག་ཆོག་གི་འདུག ད་ཆ་སེམས་ལྷོད་ལ་བབས་སོང”ཞེས་བསྔགས་བརྗོད་བྱེད་བཞིན་དུ་བཤད།
ཤར་གཏོང་ཐུབ་པའི་ལམ་བུ་རེ་རེ་དང་། དབྱིངས་ཞུགས་རྣམ་པའི་ཉམས་ལེན་རེ་རེ། སེམས་རྩ་འཁོལ་བའི་ཞབས་ཞུའི་རྣམ་འགྱུར་ལས་ཡུལ་སྐོར་བའི་བློ་ཡིད་ཡོངས་སུ་ཚིམས།
འབྲེལ་ཡོད་གསར་འགྱུར།