མྱ་ངམ་ཐང་རྒོད་ནས་མུའུ་ཁྲི་ཡི་རྒུན་འབྲུམ་ར་བའི་བར།
ཟངས་རི་ལུང་གཞུང་དུ་སྐྱེ་ཁམས་ཐོན་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བྱུང་བ།
ས་བབ་སྨི་3600ཟིན་པའི་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་ལངས་ནས་ཟངས་རིའི་ཕྱོགས་སུ་རྒྱང་ལྟ་བྱས་ན། ལུང་གཞུང་ཧྲིལ་པོ་མུའུ་ཁྲིའི་རྒུན་འབྲུམ་ར་བས་ཡོངས་སུ་བསྐོར་ཞིང་། ཁོ་ར་ཁོར་ཡུག་སྔོ་ཐིང་ངེར་གནས། དེས་གངས་ལྗོངས་ས་མཐོའི་སྐྱེ་ཁམས་འགྱུར་ལྡོག་ལ་གསོན་ཉམས་དོད་པའི་དཔང་པོ་བྱེད་ཐུབ་ཅིང་། ལོ་15ཡི་གོང་། ལུང་གཞུང་དེ་ནི་བྱེ་རླུང་འཚུབ་པ་དང་། རྡོ་ཧྲུག་གིས་ཁེངས་པ། གསར་སྤེལ་དང་བེད་སྤྱོད་དཀའ་བ་བཅས་ཀྱི་མྱ་ངམ་ཐང་རྒོད་ཅིག་རེད། ལོ་15ཡི་རིང་མུ་མཐུད་འབད་བརྩོན་བྱས་པ་བརྒྱུད། ཕག་གྲུ་ཨ་རག་གཞིས་ཀས་ཡུལ་ལུང་དེ་གར་རྩ་བ་ཚུགས་ནས་སྐྱེ་ཁམས་སླར་གསོ་དང་། ཁྱད་ལྡན་འདེབས་འཛུགས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ཏེ། མྱ་ངམ་ཐང་རྒོད་དེ་ཉིད་མུའུ་ཁྲིའི་སྐྱེད་མོས་ཚལ་དུ་བསྒྱུར་ཏེ། བོད་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་། ཐོན་ལས་ལ་མཐུན་རྐྱེན་སྦྱོར་བ། རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བ། དམངས་ཕན་དམངས་ཕྱུག་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་དཔེར་གྱུར་ཡོད།
ཟངས་རི་ལུང་གཞུང་གི་འགྱུར་ལྡོག་ནི་ས་མཐོའི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་དང་ཁ་འབྲལ་ཐབས་མེད་པ་མ་ཟད། ཕག་གྲུ་ཨ་རག་གཞིས་ཀའི་ལས་དོན་པས་ལོ་15ཡི་རིང་ཉིན་གཅིག་ལྟར་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་ཞིབ་གཉེར་དང་ཡང་ཁ་འབྲལ་ཐབས་མེད།
2011ལོར་ས་རྒོད་སློག་མཁན་ཁྱུ་གཅིག་གིས་ཚོད་ལྟའི་ཞིང་ཁ་མུའུ་15ནས་འགོ་བཙུགས་ཏེ་རྒུན་འབྲུམ་འདེབས་འགོ་བཙུགས་ཤིང་། ཚོགས་པས་རྒུན་འབྲུམ་སྣ་ཁ་60ལྷག་ཙམ་བདམས་ནས་ཚོད་འདེབས་བྱས་ཏེ་ས་མཐོའི་འདེབས་འཛུགས་ཀྱི་དཀའ་གནད་སྣ་ཚོགས་ལ་ཐད་ཀར་ཁ་གཏད་བཅག་པ་སྟེ། རླུང་གནོན་དམའ་བ་དང་གསོ་རླུང་ཉུང་བའི་དབང་གིས་སྡོང་ཕྲུག་རྩ་བ་ཚུགས་རྒྱུར་འགོག་རྐྱེན་འཕྲད་པ་དང་། དཔྱིད་ཀྱི་གྲང་ངར་ཆེ་བ་དང་། བྱེ་རླུང་འཚུབ་པ། སེར་བ་འབབ་པ་བཅས་ཀྱིས་རྟག་ཏུ་གནོད་འཚེ་ཕོག་གི་ཡོད་ཅིང་། ཐང་གཤོང་གི་འདེབས་འཛུགས་སྒྲིག་ཆས་ས་མཐོའི་ཁོར་ཡུག་དང་འཚམ་ཐབས་བྲལ་བས། ཚོད་ལྟ་བྱེད་རིང་དཀའ་གནད་རེ་རེ་བཞིན་ལེགས་བཅོས་བྱས་པ་རེད།
རེས་སྐོར་མང་པོའི་ལག་རྩལ་འགག་སྒྲོལ་བྱས་པ་བརྒྱུད། ཚོགས་པས་ས་བབ་ཧ་ཅང་མཐོ་སར་རྒུན་ཆང་བཟོ་བའི་རྒུན་འབྲུམ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་དཀའ་གནད་ཁྱད་དུ་བསད་དེ། ས་མཐོའི་ས་ཆུ་དང་འཚམ་པའི་རྒུན་འབྲུམ་སྣ་ཁ“ཡར་ཀླུང་གཙང་པོ་ཨང་དང་པོ”འདེབས་གསོ་བྱས་པ་དང་། ཅི་ཉི་སིའི“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་འདེབས་འཛུགས་ར་བའི”ཁས་ལེན་དཔང་འདོན་རག་ཅིང་། བོད་ཀྱི་འབྲེལ་ཡོད་ཐོན་ལས་ཀྱི་སྟོང་ཆ་བསབས་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཐོན་ལས་འཁོར་འབྲེལ་ཆགས་ཏེ་མཐའ་འཁོར་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་གསར་པ་བཏོད་ཡོད།
མིག་སྔར་གླིང་ཁུལ་གྱི་གླ་པའི་ཁྲོད་བུད་མེད་དང་ལོ་45ཡན་གྱི་ཚོགས་སྤྱིའི་བསྡུར་ཚད་བཅུ་ཆ་དྲུག་ལྷག་ཙམ་ཟིན་པ་དང་། ཚང་མ་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་ཏེ་ཡོང་འབབ་རག་ལ་ཁྱིམ་ཚང་ལའང་ལྟ་རྟོག་བྱུང་ཡོད་པ་རེད།
ལོ་15ཡི་རིང་། ཨ་རག་གཞིས་ཀས་དུས་བཀག་ལྟར་ས་ཞིང་གི་བོགས་དངུལ་སྤྲད་པ་དང་ལས་མིའི་གླ་ཆ་བསྡོམས་རྩིས་བརྒྱབ་ཅིང་། ལོ་འཁོར་མོར་མང་ཚོགས་3000ཙམ་རེས་མོས་གླ་པར་བསྡུ་བ་དང་། རིམ་རྩིས་བརྒྱབ་ན་ལས་གནས་མཁོ་འདོན་བྱེད་ཚད་མི་ཐེངས་ཁྲི་10ལྷག་ཙམ་ཟིན་པ་རེད།
ལོ་15ཡི་རིང་གི་དཀའ་སྤྱད་འབད་འཐབ་བརྒྱུད། ཟངས་རིའི་ལུང་གཞུང་དུ་ལྟ་ན་སྡུག་པའི་འགྱུར་ལྡོག་བྱུང་ཞིང་། མྱ་ངམ་ཐང་རྒོད་དུ་སླར་ཡང་སྔོ་ལྗང་གོས་བཟང་བཀླུབས་ཏེ་ཁྱད་ལྡན་ཐོན་ལས་གཞི་ཚུགས་པ་དང་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་རིམ་བཞིན་དར་ནས། ས་མཐོའི་དོན་དངོས་དང་མང་ཚོགས་ཀྱི་རེ་སྒུག་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།