དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བསིལ་ལྡན་ལྗོངས་སུ་ཡུལ་སྐོར་ཚ་རླབས་འཕྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-20

    རྒྱལ་ཡོངས་ས་གནས་ཁག་གི་ཚ་བ་ཆེ་ཤོས་ཀྱི་དབྱར་གཞུང་དུས་སུ་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་20ཙམ་ལས་མེད་པའི་བོད་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། རྩྭ་རྩི་ཤིང་སྔོ་ཐིང་ངེར་གནས་པ་དང་། གཙང་པོ་དང་མཚེའུ་དྭངས་ཤིང་གཙང་བ། འཁྱགས་རོམ་དལ་བུར་བཞུར་བ། ཁྲོམ་གཞུང་དུ་བསིལ་རླུང་ལྡང་བ། རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་མཉམ་དུ་འདྲེས་པ་བཅས་ལས་ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱིད་སྣང་གང་སར་འཕྱུར། ས་གནས་ཁག་གི་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཁྲུག་ཏུ་ཕྱིན་པ་དང་སྐྱེ་ཁམས་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་དར་བ་དང་བསྟུན་ནས། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས། མང་ཚོགས་འབབ་འཕར་བཅས་ཀྱི་ཀུན་ཕན་ལམ་བུ་ཞིག་བཏོད་ཡོད།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི“མཛེས་པའི་ཚལ་སྣེའི”གངས་ལྗོངས་མེ་ཏོག་ལུང་ཤུར་དུ་སྐྱོད་སྐབས། མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ་དང་ལྡུམ་རའི་ནང་སྤྲོ་འཆམ་དུ་ཡོང་བའི་ཡུལ་སྐོར་བའི་དགོད་སྒྲས་ཁེངས་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་གྱི་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་འདབས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཁྲོམ་ར་འཁྲུག་ཏུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཡུལ་སྐོར་དེ་མང་ཚོགས་ཐག་ཉེ་སར་ལས་ཞུགས་བྱེད་པར་སྐུལ་ཁྲིད་དང་གྲོང་གསེབ་ཀྱི་ཐོན་ཁུངས་གང་ལེགས་སྤྱོད་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་གྱུར་ནས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་འཕེལ་བར་བྱས་ཡོད།

    ནག་ཆུ་གྲོང་ཁྱེར་ལ་མཚོན་ན། འབྲི་རུ་རྫོང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་འདུ་ཤེས་བརྟན་པོ་བཙུགས་ཏེ། གསའ་ཕུའི་འཁྱགས་རོམ་གྱི་ཐུན་མིན་གྱི་རང་བྱུང་ཐོན་ཁུངས་ལ་བརྟེན་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་ནན་པོ་བསྲུངས་ནས། འཁྱགས་རོམ་དང་། རྩྭ་ར། གཙང་པོ་དང་མཚེའུ་བཅས་ཀྱི་སྐྱེ་ཁམས་ལ་མུ་མཐུད་དོ་དམ་སྲུང་སྐྱོང་བྱེད་པ་དང་། ས་མཐོའི་གདོད་མའི་རྣམ་པ་སྲུང་སྐྱོང་བྱེད་པ། ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། གསའ་ཕུའི་འཁྱགས་རོམ་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྤུས་རྟགས་གཏོད་པ་བཅས་བྱས་པས། ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་པ་དང་ཆབས་ཅིག་མཐའ་འཁོར་གྱི་འབྲོག་པས་སྣེ་ཤན་པའི་ཞབས་ཞུ་གཉེར་བ་དང་། ཡུལ་ཟོག་འཚོང་བ། དམངས་སྲོལ་གནས་ཚང་གཉེར་བ་སོགས་ཀྱི་ཐབས་ལམ་བརྒྱུད་ཡོང་འབབ་གསོག་པར་སྐུལ་ཁྲིད་ཀྱང་ཐུབ་ཡོད།

    གྲོང་འདབས་ཀྱི་མེ་ཏོག་གླིང་ནས་འཁྱགས་རོམ་གྱི་ཡུལ་ཁམས་བར། ས་གནས་ཁག་གིས་སྐྱེ་ཁམས་ཀྱི་རྨང་གཞིར་གཞི་ཚུགས་པ་དང་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་གནམ་གཤིས་བསིལ་པོའི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་བཏང་སྟེ། ས་མཐོའི་དབྱར་དུས་སུ་ཡིད་དབང་རབ་ཏུ་འཕྲོག་པའི་དྭངས་བསིལ་ཡུལ་ལྗོངས་ལ་རོལ་རྒྱུ་ཡོད་པ་མ་ཟད། ཐོན་ལས་དར་རྒྱས་དང་མི་སེར་འབྱོར་ཕྱུག་གི་བདེ་སྐྱིད་རྣམ་པའང་དེ་བས་ལྡན་པར་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལེའུ་གསར་མུ་མཐུད་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།