དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྐུ་ལྷ་མཁའ་རིའི་འདབས་ཀྱི་མཚོ་ཡུལ་གྲོང་ཚོའི་ཡུལ་སྐོར་ཡོང་འབབ་གསོག་པའི་མན་ངག

    ​རི་བོ་འདི་གར་གནས་ངེས་རེད་ལ་མཚོ་མོའང་ནམ་ཡང་གནས་ངེས་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-17


    འདི་ནི་སྐུ་ལྷ་མཁའ་རིའི་འདབས་ཀྱི་མཚོ་ཡུལ་གྲོང་ཚོ་ཡིན་པ།

    འདི་ནི་ཡུལ་སྐོར་བས་སྒྲུབ་མཚོ་པད་མ་གླིང་གི་མཛེས་ལྗོངས་པར་རྒྱག་བཞིན་པ།

    ད་ལོ་ལོ་33ལ་སླེབས་པའི་སྤེན་པ་ཚེ་རིང་དེ་སྔོན་ཕྱིར་གླ་པ་རྒྱུག་པར་འགྲོ་ཡི་ཡོད། ན་ནིང་ཁོང་གིས་གླ་པའི་ལས་ཀ་བཞག་སྟེ་གྲོང་ཚོར་ལོག་ནས་ནང་མི་དང་མཉམ་དུ་དམངས་སྲོལ་གནས་ཚང་གཉེར་བ་དང་ཆབས་ཅིག་གྲོང་ཚོའི་སྨན་པའང་བྱས། ཁོང་གིས“ད་ཆ་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་ཀྱི་འདུག་ལ། རྒན་རྒོན་ལའང་ཞབས་ཕྱི་ཞུ་ཐུབ་ཀྱི་འདུག”ཅེས་བཤད།

    སྤེན་པ་ཚེ་རིང་གི་ཁྱིམ་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྲས་ཤང་མཚོ་ཡུལ་གྲོང་ཚོར་ཡོད། ས་བབ་སྨི་7538ཟིན་པའི་སྐུ་ལྷ་མཁའ་རིའི་རྩེ་མོ་མཁའ་ལ་སྙེག་ཅིང་། སྒྲུབ་མཚོ་པད་མ་གླིང་དང་། སྐྱིད་ཆུའི་མཚོ། གྲེས་གོང་མཚོ་བཅས་གཡུ་ཡི་མེ་ལོང་འདྲ་བའི་མཚོ་མོ་གསུམ་དེའི་དབུས་སུ་གནས་པས། རི་འདབས་ཀྱི་མཚོ་ཡུལ་གྲོང་ཚོའི་འཚོ་རྟེན་གཙོ་བོར་གྱུར་ཡོད།

    ལོ་བཅུ་གྲངས་ནང་མཚོ་ཡུལ་གྲོང་ཚོའི་ཡུལ་སྐོར་ཡོང་འབབ་ལོ་རེའི་སྒོར་ཁྲི་བཅུ་གྲངས་ཁ་ཤས་ནས་སྒོར་ཁྲི་1500བར་འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་3.5ཟིན་པ། ཡུལ་སྐོར་བ་མང་བའི་དུས་སུ་ཉིན་ལྟར་ཡུལ་སྐོར་བ་1500ཙམ་ལ་སྣེ་ལེན་ཞུ་གི་ཡོད།

    རི་ཁའི་འཚོ་རྟེན་རི་དང་མཚོ་ཁའི་འཚོ་རྟེན་མཚོ་ཞེས་པའི་དཔེ་ཡོད་ཀྱང་། ཐོན་ཁུངས་ཇི་ལྟར་བྱས་ནས་བེད་སྤྱོད་ལེགས་པོ་བྱེད་པའི་ཐད་མཚོ་ཡུལ་གྲོང་ཚོའི་མན་ངག་གཞན་དང་མི་འདྲ་བ་ཞིག་ཡོད།

    2019ལོར་གྲོང་ཚོས་སྲིད་ཇུས་དང་མ་དངུལ་བརྩོན་ལེན་བྱས་ཏེ་སྲོལ་རྒྱུན་གྱི་ཕྱུགས་ལམ་གསུམ་གྱི་སྟེང་ལ་རྐང་ཐང་བགྲོད་ལམ་དང་། ལྗོངས་གཟིགས་སྒང་། ངལ་གསོ་རྒྱག་ས་སོགས་སྒྲིག་བཀོད་ཉམས་བཟོ་བྱས། ཨར་སྐྲུན་བྱེད་མཁན་གྱིས་དང་ཐོག་ལམ་བུའི་ཞེང་ཚད་སྨི་3བཟོས་པས་གྲོང་ཚོས་མོས་མཐུན་བྱས་མེད།

    “ཞེང་ཁ་ཆེ་དྲགས་འདུག སྐྱེ་ཁམས་ལ་སྐྱོན་རྒྱག་གི་རེད”ཅེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀརྨ་འགྱུར་མེད་ཀྱིས་དེ་ལྟར་བཤད། གྲོས་བསྡུར་ཐེངས་མང་བྱས་མཐར་ལམ་བུའི་ཞེང་ཚད་དེ་ལི་སྨི་80བྱས་པ་མི་གཉིས་ཟུར་ནས་འགྲོ་ཐུབ་པ་ཞིག་བཟོ་རྒྱུའི་ཐག་བཅད། དེས་མ་ཟད། ཨར་ལས་བྱེད་སྐབས་སྔོག་འཁོར་སོགས་འཕྲུལ་ཆས་མ་བཏང་བར་ཨར་འདམ་དང་ལྕགས་རིགས་ཚང་མ་གྲོང་མི་དང་རྟ་དྲེལ་གྱིས་དབོར་ཡོད།

    མཛེས་ལྗོངས་ཁུལ་དུ་སྐྱོད་སྐབས་རྨང་གཞིའི་སྒྲིག་ཆས་ཕུད་མཛེས་རྒྱན་གཞན་དག་མེད་པ་མ་ཟད། མཚོ་ཡུལ་གྲོང་ཚོས་མི་མང་བའི་སྐབས་སུ་ཚད་བཀག་བཟོས་ཏེ་ཡུལ་སྐོར་བ་འཛུལ་སྒོར་ཡུད་ཙམ་སྒུག་དགོས་འཁེལ་ཡང་སྤང་དང་མཚོ་མོར་གནོད་སྐྱོན་མི་ཕོག་པ་བྱེད་ཀྱི་ཡོད།

    “རི་འདི་གར་གནས་ངེས་རེད་ལ། མཚོ་མོའང་འདི་གར་གནས་ངེས་རེད། དངངས་སྐྲག་བྱེད་དགོས་དོན་ག་རེ་འདུག་གམ”ཞེས་པའི་ཀརྨ་འགྱུར་མེད་ཀྱི་སྐད་ཆ་ལྷོད་པོར་བཤད་ཀྱང་དོན་སྙིང་ལྡན་པ་ཞིག་ཡོད།

    གཅིག་བྱས་ན་གཤིས་ཀ་ལྷོད་པོ་དེ་ཡི་རྐྱེན་གྱིས་མཚོ་ཡུལ་གྲོང་ཚོ་སྐད་གྲགས་ཆོད་པ་ཡིན་ཡང་སྲིད།

    གྲོང་ཚོ་ཨུ་ལྷན་གྱི་གྱང་ལྡེབས་སུ་ཡུལ་སྐོར་བས་སྤྲད་པའི་གོས་དར་གྱིས་ཁེངས་ཤིང་། དེ་ནི་དུས་ཡུན་རིང་པོའི་ནང་མཚོ་ཡུལ་གྲོང་ཚོ་དེ་རྐང་ཐང་མར་འགྲོ་རྒྱུར་དགའ་བའི་མི་རྣམས་ཀྱི་རིན་མེད་གསབ་སྣོན་ས་ཚིགས་ཤིག་ཡིན་པས་རེད། “ཡུལ་མི་ཚོས་མཚམས་རེ་སྣེ་ཤན་པ་བྱས་ནས་ལག་དངུལ་བསགས་ཀྱི་ཡོད”ཅེས་ཀརྨ་འགྱུར་མེད་ཀྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ས་ཆར་རྒྱུས་མངའ་ཡོད་པས་གྲོང་ཚོས་ད་དུང་རོགས་སྐྱོབ་རུ་ཁག་བཙུགས་ནས་ཉེན་ཁ་འཕྲད་པའི་མི་རྣམས་ལ་རིན་མེད་རོགས་རམ་བྱེད་ཀྱི་ཡོད་ཅེས་བཤད།

    2017ལོའི་ཟླ་9པར། ལྷོ་བྲག་རྫོང་རིག་གནས་ཡུལ་སྐོར་སྡེ་ཚན་གྱི་རྒྱབ་སྐྱོར་འོག གྲོང་ཚོས་ཉིན་གསུམ་གྱི་སྒར་རྒྱག་འདུ་ཚོགས་ཆེན་མོ་གཉེར་ཏེ་ཡུལ་སྐོར་བ་40ལྷག་ཙམ་གདན་དྲངས་ནས་གངས་རི་དང་མཚོ་མོའི་འགྲམ་དུ་གུར་བརྒྱབ་ནས་སྒོར་གཞས་འཁྲབ་པ་དང་ཇ་བསྲུབས་མ་འཐུང་བ་སོགས་བྱས་པ་རེད། དེ་ནས་ཕྱོགས་ཐོན་ཚོགས་པར“སྐུ་ལྷ་མཁའ་རིའི”སྐད་གྲགས་རིམ་པས་ཆོད།

    འོན་ཀྱང་ཀརྨ་འགྱུར་མེད་ཀྱིས་གྲོང་མི་ཡོངས་ལ“ཡུལ་སྐོར་གྱི་ཡོང་འབབ”རག་པ་དགོས་ན་དམངས་ཕྱུག་གི་སྲིད་ཇུས་བཟང་པོར་བརྟེན་དགོས་པ་དེ་གསལ་པོ་ཤེས་ཀྱི་ཡོད།

    2019ལོར་མཚོ་ཡུལ་གྲོང་ཚོ་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་སུ་བཅུག་སྟེ་ཁང་བཟང་སྟར་པ་མང་པོ་བརྒྱབ། རྫོང་ནས་ཀྱང་དེ་མཚུངས་ཀྱི་སྲིད་ཇུས་བཏོན་ཏེ་གྲོང་ཚོ་ཡོངས་སུ་དམངས་སྲོལ་གནས་ཚང་32བརྒྱབ་ནས་ཉལ་ཁྲི་དང་། ཕོ་ཁེབས། གསོ་རླུང་འཕྲུལ་ཆས་སོགས་སྒྲིག་ཆས་ཀྱང་གཅིག་གྱུར་ཐོག་སྤྲད།

    2021ལོར་རྫོང་ནས་སླར་ཡང་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་420བཏང་སྟེ་སྒྲུབ་མཚོ་པད་མ་གླིང་མཛེས་ལྗོངས་ཁུལ་གྱི་ལམ་སྟོན་མ་ལག་བསྐྲུན་པ་དང་དམངས་སྲོལ་གནས་ཚང་8ལ་སྒྱུར་བཀོད་བྱས་པ་མ་ཟད། སྨོན་མདའ་ལའི་ལྗོངས་གཟིགས་སྒང་དང་རླངས་འཁོར་འཇོག་སའང་བསྐྲུན་པ་རེད།

    2026ལོར་ཀྲུང་དབྱང་གི་སྔོན་རྩིས་ནས་མ་དངུལ་སྒོར་ཁྲི་2950མཚོ་ཡུལ་གྲོང་ཚོའི་སྒྲུབ་མཚོ་པད་མ་གླིང་གི་གྲོང་གསེབ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་ཅིང་། རླངས་འཁོར་འཇོག་ས་དང་། ཡུལ་སྐོར་བའི་ལྟེ་གནས། ཇ་ཁང་། གསོ་རླུང་རྔུབ་ཁང་བཅས་སྔ་རྗེས་སུ་ལས་འགོ་བཙུགས་པ་མ་ཟད། མཛེས་ལྗོངས་ཁུལ་དུ་བསྐྱོད་སའི་མ་ལམ་གྱི་ཞེང་ཁ་ཆེ་རུ་གཏོང་རྒྱུ་དང་ཆུ་ཚན་ལ་ཡང་སྒྱུར་བཀོད་བྱ་རྒྱུ་ཡིན་པ་རེད།

    ད་ཆ་གྲོང་ཚོར་དམངས་སྲོལ་གནས་ཚང་52ཡོད་པ་དང་འགྲུལ་ཁང་རིམ་པ་གསུམ་ལ་དབྱེ་ཡོད་པས་སོ་སོའི་འཇོན་ཐང་ལ་གཞིགས་ནས་ཡོང་འབབ་གསོག་རྒྱུ་ཡོད། ཡུལ་སྐོར་གྱི་ཡོང་འབབ་དེའང་ཇེ་བརྟན་ནས་ཇེ་བརྟན་དུ་འགྲོ་བཞིན་ཡོད།

    སྤེན་པ་ཚེ་རིང་ད་ཆ་ཐག་རིང་ལ་དེ་ཙམ་འགྲོ་གི་མེད། གང་ལགས་ཤེ་ན། གྲོང་ཚོར་ཡང་དེ་བས་ཕུགས་ཕན་གྱི་འཆར་འགོད་ཡོད་པ་སྟེ། ཡུལ་སྐོར་ཀུང་སི་ཐོ་འགོད་བྱས་པ་དང་། གཞོན་ནུ་ཕྱིར་དོ་དམ་དང་རོགས་སྐྱོབ་བྱེད་སྟངས་སྦྱོང་བར་བཏང་བ། བཙན་རྫོང་དང་། བོད་བཟོའི་ཁང་པ་རྙིང་པ། པད་ཁའི་ཞིང་ཁ། ནས་ཞིང་བཅས་འབྲེལ་མཐུད་བྱས་པ་མ་ཟད། ཡུལ་སྐོར་བར་རྩམ་པ་འཐག་སྟངས་དང་། བོད་ཆས་གྱོན་སྟངས། སྣམ་བུ་འཐག་སྟངས། ལྕི་བའི་མེ་གཏོང་སྟངས། ཇ་བཟོ་སྟངས། བོད་སྐད་ཤོད་སྟངས་སོགས་ཀྱང་ཉམས་ལེན་བྱེད་དུ་འཇུག་གི་ཡོད།

    རེད་ཨང་། རི་བོ་སྔར་བཞིན་འདི་གར་གནས་ངེས་རེད་ལ། མཚོ་མོའང་སྔར་བཞིན་འདི་གར་གནས་ངེས་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།