འབྲོག་གླུ་གསར་པའི་དབྱངས་རྟ་སྙན་ཞིང་འཇེབས། མཛེས་མཐུན་གྲོང་ཚོའི་རྣམ་པ་ཡིད་དུ་འོང་།
—— འདམ་གཞུང་རྫོང་གྲོང་དཀར་གྲོང་ཚོས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་དུད་ཚང་ཚང་མའི་སྒོ་རྩར་ཨར་འདམ་ལམ་གསར་པ་བཏིང་བ་དང་། ཁོད་སྙོམས་པའི་ལམ་དེའི་གཡས་གཡོན་གཉིས་སུ་སྤང་རྩྭ་འདེབས་ལ་ཉེ། རྩྭ་ཐང་དུ་ཤར་གཏོང་ཐུབ་པའི་ལམ་བུ་གསར་པ་དེ་ལས་འབྲོག་པ་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། རྩྭ་ཐང་སྟེང་གི་དུད་ཁྱིམ་ཚང་མ་ཕྱི་རོལ་དང་འབྲེལ་མཐུད་དམ་ཟབ་ཐུབ་ནས། ས་མཐོའི་འབྲོག་རའི་ས་ཕྱོགས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རེ་བས་ཁེངས།
གྲོང་དཀར་གྲོང་ཚོའི་ཁོངས་སུ་ཡུལ་མིའི་ཚོགས་ཆུང་4ཡོད་པ་དང་སྤུས་ལེགས་རྩྭ་ར་མུའུ་ཁྲི་8.6ཡོད་པ་དེ་དག་ནི་འབྲོག་པ་མི་རབས་ནས་མི་རབས་བར་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་ཐོན་ཁུངས་ཨ་མ་རེད། དེ་སྔ་གཅིག་གྱུར་གྱི་འཆར་འགོད་མེད་པ་དང་། གྲོང་ཚོའི་ནང་གི་གཞུང་ལམ་ཆ་རྐྱེན་ཞན་པ། རླངས་འཁོར་གང་བྱུང་དུ་བཏང་ནས་རྩྭ་ར་འཕྲོ་བརླག་གཏོང་བ་བཅས་ཀྱི་སྣང་ཚུལ་མངོན་གསལ་དོད་པའི་དབང་གིས་རྩྭ་ཐང་གི་སྔོ་ཁེབས་ལ་གཏོར་སྐྱོན་ཕོག་པས་མ་ཚད། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཡང་ཤུགས་རྐྱེན་ངན་པ་བཟོས་ཡོད། 2025ལོར་འདམ་གཞུང་རྫོང་གིས“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་ལག་ལེན་གཏིང་ཟབ་བསྟར་ནས་གྲོང་དཀར་གྲོང་ཚོ་འདི་ཉིད་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ནང་བཅུག་སྟེ་ཆེད་དོན་མ་དངུལ་བཏང་ནས་གཞུང་ལམ་རིམ་སྤོར་སྒྱུར་བཀོད་བྱས་པ་རེད།
མིག་སྔར། གྲོང་ཚོ་ཡོངས་སུ་ཨར་འདམ་ལམ་སྨི་ངོས་གྲུ་ཁྲི་8.7ཙམ་བཏིང་བ་དང་། སྨི་ངོས་གྲུ་ཁྲི་4.3ཙམ་གྱི་ལམ་སྐྱོར་སྔོ་ཁེབས་ཁུལ་ཁོད་སྙོམས་ལེགས་གྲུབ་ཟིན་པ། གནམ་གཤིས་དྲོ་རུ་ཕྱིན་རྗེས་སླར་ཡང་རྩྭ་བཏབ་ནས“ལམ་ཤར་གཏོང་དང་། རྩྭ་འདེབས་སྔོ་འགྱུར། གྲོང་ཚོ་མཛེས་པ”བཅས་ཀྱི་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་བྱ་རྒྱུ་རེད། གཞུང་ལམ་སྒོ་རྩ་བར་ཤར་གཏོང་ཐུབ་སྐབས་འབྲོག་པ་ཚོས“ལམ་ཤར་གཏོང་ཐུབ་པས་འཚོ་བར་རེ་བས་ཁེངས་པ་མ་ཟད། རྩྭ་ཐང་སྲུང་སྐྱོང་ཡག་པོ་བྱེད་པའི་སེམས་ཤུགས་ཆེ་རུ་ཕྱིན་སོང”ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།
“ལམ་མ་བཟོས་གོང་རླངས་འཁོར་གང་སར་གཏོང་གི་ཡོད། ཆར་པ་བབས་པའི་དུས་སུ་ཕྱིར་སྐྱོད་སྐབས་ལྷམ་ཚང་མ་འདམ་བག་གིས་ཁེངས་ནས་སྟབས་བདེ་གཏན་ནས་མེད། ད་ལོ་ལམ་བཟོས་ཟིན་པ་དང་གཞོགས་གཉིས་ཀྱི་ལམ་ངོས་ཀྱང་ཁོད་སྙོམས་པོ་བཟོས་ཟིན་པས་དཔྱིད་ཀ་རྩྭ་འདེབས་པར་སྒུག་ནས་སྡོད་རྒྱུ་ལས་མ་འདས། ད་ཆ་ཕྱིར་འགྲོ་དུས་ལམ་གཙང་ལ་ཁོད་སྙོམས་པས་སེམས་པའང་སྐྱིད་པོ་འདུག”ཅེས་གྲོང་དཀར་གྲོང་ཚོའི་ཡུལ་མི་རྒྱལ་པོས་དགའ་ཚོར་ཆེན་པོས་ཁྱིམ་གྱི་སྒོ་རྩ་བར་བཟོས་པའི་ཨར་འདམ་ལམ་བུར་ལྟ་བཞིན་དེ་ལྟར་བཤད།
ལམ་ཤར་གཏོང་ཐུབ་པས་ཐོན་ལས་དར་ཞིང་རྒྱས། གྲོང་དཀར་གྲོང་ཚོས་ཐུན་མོང་མ་ཡིན་པའི་ཆུ་ཚན་གྱི་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ། སྤུས་ལེགས་ཀྱི་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་དེ་ཁྱད་ལྡན་ཡུལ་སྐོར་གྱི་ལེགས་ཆར་བསྒྱུར་བ་བཅས་བྱས་ཡོད། གྲོང་ཚོའི་ནང་གི་ཁང་དམར་ཆུ་ཚན་མགྲོན་ཁང་གིས་ས་མཐོའི་ས་འོག་ཚ་ནུས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་རྒྱུའི་ཡིད་དབང་བཀུག་པ་དེས་གྲོང་ཚོའི་སྤུས་ཚད་མཐོ་བའི་ཡུལ་སྐོར་ཞབས་ཞུའི་སྟོང་ཆ་བསྐངས་པ་མ་ཟད། ད་དུང“ཁེ་ལས་དང་། གྲོང་ཚོ་ཨུ་ལྷན། ཡུལ་མི་བཅས་ཟུང་དུ་འབྲེལ་བའི”ཁེ་ཕན་མཉམ་འབྲེལ་བྱེད་སྟངས་བརྒྱུད། ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ལས་གནས་བརྟན་པོ་ཞིག་མཁོ་འདོན་བྱས་པ་དང་། འབྲོག་པ་མང་ཚོགས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི་ལམ་དུའང་བསྐྱོད་པ་རེད།
“ང་ཚོས་གྲོང་ཚོ་ཨུ་ལྷན་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་མིག་སྔར་ས་གནས་དེ་གའི་ཡུལ་མི་15ལས་ཀར་བསྡུས་པ་དང་ཚང་མའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་སུམ་སྟོང་བཞི་སྟོང་ཟིན་གྱི་ཡོད། གོམ་སྟབས་རྗེས་མར། ང་ཚོས་གྲོང་ཚོའི་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་ཐོན་ལས་རྒྱ་སྟོབས་ཆེ་རུ་དང་བརྟན་དུ་བཏང་སྟེ། མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་ཡིན”ཞེས་ཁང་དམར་ཆུ་ཚན་མགྲོན་ཁང་གི་འགན་འཁུར་བ་ལྷ་མོ་གཡང་འཛོམས་ཀྱིས་བཤད།
རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་གྲོང་དཀར་གྲོང་ཚོས་འགྲོ་ལམ་འཛུགས་སྐྲུན་དང་། སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་དམངས་འཚོའི་བྱ་བ་དངོས་མང་ཚོགས་ཀྱི་བློ་ཡིད་ཚིམ་པ་ཞིག་བསྒྲུབས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་མཆོང་བྱེད་པ་དང་། སྣེ་ཁྲིད་དེ་ལས་ཀ་དང་ངལ་རྩོལ་ནང་ཞུགས་པ། རང་འགུལ་ངང་འགལ་ཟླ་དང་རྩོད་གཞི་མཐུན་སྦྱོར་བྱེད་པ་བཅས་བྱས་ཏེ་རྣམ་གྲངས་བདེ་བླག་ངང་སྒྲུབ་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད། དེ་དག་ཚང་མ་མང་ཚོགས་ཀྱིས་མིག་མཐོང་ལག་འཛིན་བྱུང་བས་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་པའི་ཀུན་གྱི་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད།
གྲོང་དཀར་གྲོང་ཚོའི་ངོ་མཚར་འཕོ་འགྱུར་ནི་འདམ་གཞུང་རྫོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།
འདམ་གཞུང་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དབྱང་ཧྭ་ཡིས། ཉེ་བའི་ལོ་ཤས་རིང་འདམ་གཞུང་རྫོང་གིས་རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་2.47བཏང་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་དཔེ་མཚོན་8བཏོད་པ་དེས་མང་ཚོགས་ཁྲིར་ཕན་པ་ཐོབ་སྟེ་དཔེ་སྟོན་གྲོང་གསེབ་དེ་ཉིད་གནས་འཕྲོད་ལས་འཚམ་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།