ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཞུགས་པ།
ཟླ་9པའི་ལྷ་སར་ཉི་འོད་རབ་ཏུ་འཚེར།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྟོད་ལུང་བདེ་ཆེན་ཡུག་ཁུལ་དུ་ལས་ཀ་བྱེད་བཞིན་པའི་རིན་ཆེན་རྒྱ་མཚོས་ཉི་མ་ཚ་པོར་མ་འཛེམས་པར་མི་མེད་གནམ་གྲུ་བྱང་ཆུབ་པོས་སྤྱད་དེ་སྡོང་ཕྲུག་ཆག་པ་རེ་རེ་བཞིན་རི་སྟེང་དུ་དབོར་བཞིན་ངོ་གདོང་ནས་རྔུལ་ཆུ་ཁྲུམ་ཁྲུམ་དུ་དོན་རུང་ཕྱིས་ལོང་བྱུང་མེད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཞུགས་མཁན་རིན་ཆེན་རྒྱ་མཚོ་དང་འདྲ་བའི་སྨར་ཁམས་ཀྱི་ལས་མི་མང་ཚོགས་ཁྱོན་635ཡོད། ཁོང་ཚོས་སྨར་ཁམས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གཅིག་གྱུར་སྒྲིག་འཛུགས་དང་བཀོད་སྒྲིག་འོག བོད་ཤར་རྒྱུད་ནས་ལྟེ་བའི་གྲོང་ཁྱེར་ལྷ་སར་ཡོང་ནས་དེ་སྔ་གང་སར་ལས་ཀ་ཙག་ཙིག་བྱེད་པའི་འཚོ་བ་རྦད་དེ་མཇུག་འགྲིལ་ཏེ་ཟླ་རེ་བཞིན་གླ་ཆ་ལེན་རྒྱུ་ཡོད་པའི་འཚོ་བ་བརྟན་པོ་ཞིག་སྐྱེལ་འགོ་ཚུགས་ཡོད།
“ཆབ་མདོ་གྲོང་ཁྱེར་གྱི་ངལ་ནུས་ཕྱིར་གཏོང་བྱ་ཡུལ་གལ་ཆེན་ཞིག་ཡིན་པའི་སྨར་ཁམས་རྫོང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལ་ཞུགས་རྒྱུ་དེ‘གཞན་སྐུལ’ནས‘རང་འགུལ’དུ་འགྱུར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་བརྩིས་ཏེ། ཉེ་བའི་ལོ་གསུམ་རིང་རིམ་རྩིས་བརྒྱབ་ན། སྨར་ཁམས་ཀྱི་མང་ཚོགས་2430ལྗང་མདོག་ལས་ལ་གཞོལ་ནས་ངལ་ནུས་འབབ་འཕར་སྒོར་ཁྲི་4352བྱུང་ཡོད”ཅེས་སྨར་ཁམས་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་འབྲེལ་གཏུག་ས་ཚིགས་ཀྱི་འགན་འཁུར་བ་ལྷག་པ་བཀྲ་ཤིས་ཀྱིས་སྤོབས་པ་ཆེན་པོས་བཤད།
གྲུབ་འབྲས་དེ་དག་ནི་སྨར་ཁམས་རྫོང་གི་གོང་འོག་ཚང་མས་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད། རྫོང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ངལ་ནུས་ཐོན་ཁུངས་མི་ཐེངས་6000ལྷག་ཙམ་ལ་གྲལ་བཤེར་བྱས་ནས་ལས་མིའི་འདོད་བློ་དང་རྩལ་ནུས་ཆུ་ཚད་ཁོང་དུ་གནད་སྨིན་ཆུད་པ་དང་ཆབས་ཅིག འགན་གཙང་ལེན་མཁན་སྨར་ཁམས་ཀྱི་ཚོང་པས་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་སྔོན་ལ་བསྡུ་ལེན་བྱ་རྒྱུར་ལྕག་སྐུལ་བྱས་པ་དང་། ལས་དོན་ཚོགས་ཆུང་ལྷ་སར་གནས་མཆོག་སྐྱེད་ཚལ་དང་བོད་ལྗོངས་མ་འཇོག་སོགས་ཁེ་ལས་30ལྷག་ཙམ་དང་ངོ་འཕྲད་གྲོས་མོལ་ཐེངས་མང་བྱས་པ་རེད། མིག་སྔར་གླ་པ་རྒྱུག་མཁན་མང་ཚོགས་རྣམས་སྟོད་ལུང་བདེ་ཆེན་དང་། སྣེའུ། ཆུ་ཤུར་སོགས་ལས་གནས་15ལ་བགོ་བཤའ་བརྒྱབ་པས། སྲིད་གཞུང་གིས་གནད་སྨིན་མངགས་པ་དང་། ཁེ་ལས་ཀྱིས་ལས་མི་བློ་བདེ་པོས་སྤྱོད་པ། མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བ་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད།
རྩལ་ནུས་ཀྱི་ཞན་ཆར་དམིགས་ནས་སྨར་ཁམས་རྫོང་གིས་ཆེད་དོན་གསོ་སྦྱོང་གི་གྲོན་དངུལ་སྒོར་ཁྲི་150བཏང་སྟེ་སྡོང་ཕྲུག་འདེབས་འཛུགས་དང་། ཆུ་གྲོན་ཆུང་གིས་ཞིང་ཆུ་འདྲེན་པ། འཕྲུལ་ཆས་བཀོལ་སྤྱོད་སོགས་ཀྱི་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་ཁག་ཐེངས་2བྱས་པར་ལས་མི་མང་ཚོགས་1053ལ་ཁྱབ་ནས“ངལ་ནུས་རྣམ་པའི”ལས་མི“རྩལ་ནུས་རྣམ་པའི”ལས་ཞུགས་ཕྱོགས་སུ་བསྒྱུར་བ་རེད། ཕ་ཡུལ་དང་ས་ཐག་རྒྱང་བའི་ལས་མི་མང་ཚོགས་ཀྱི་ངོས་ནས་བརྗོད་ན། ཟ་སྡོད་དང་། སྨན་བཅོས། ཁེ་དབང་བཅས་ནི་ཁོང་ཚོ“གནས་ཐུབ་པ་དང་ལས་ཀ་ཡག་པོ་བྱེད་ཐུབ་པའི”འགག་རྩ་ཡིན།
སྨར་ཁམས་རྫོང་གིས“མང་ཚོགས་གང་དུ་ལས་ཀར་བསྐྱོད་ན་དེ་གར་ཞབས་ཞུ་འགན་ལེན་ཐུབ་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྤེལ་ཡོད། ཆེད་དོན་ལས་ཀའི་གྲོན་དངུལ་སྒོར་ཁྲི་180བཏང་བ་དང་། གླ་ཕོགས་ཀྱི་འཕྲལ་སྡོམ་འགན་ལེན་དངུལ་སྒོར་ཁྲི་200སྤྲད་པ། ཉོ་སྒྲུབ་བཀོད་སྒྲིག་གི་ཉལ་ཁྲི་136དང་། གུར་33 རིམས་འགོག་དངོས་ཟོག་200ལྷག་ཙམ་བཅས་ཉོས་པ། འཚམས་འདྲིའི་དངུལ་སྒོར་ཁྲི་7.8བཏང་བ། སྨན་ཐེངས་90ལྷག་ཙམ་བསྐྱལ་བར་རིན་ཐང་སྒོར་ཁྲི་8.1ཟིན་པ། མང་ཚོགས་ལ་མི་ལུས་ལ་བསམ་འདས་རྨས་སྐྱོན་གྱི་འགན་བཅོལ་དང་ལས་རྨས་འགན་བཅོལ་ཉོས་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ལས་མི་མང་ཚོགས་ལས་སྒྲུབ་དང་འཚོ་བ་བློ་བདེ་པོ་ཡོང་བར་བྱས་ཡོད།
སྟག་རྩེའི་འབྲེལ་གཏུག་ས་ཚིགས་ཀྱི་འགན་འཁུར་བ་ལྷག་པ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལས་གྲྭའི་ཁུལ་དུ་སྡོང་ཕྲུག་གསོན་ཚད་85%ཡན་ཟིན་པ་དང་ས་ཁོངས་ཁག་གཅིག་ལ་90%ཡན་བརྟན་པོ་བྱུང་ནས་སྐྱེ་ཁམས་ཀྱི་ཕན་འབྲས་མགྱོགས་མྱུར་མངོན་བཞིན་ཡོད་པ་རེད།
ཚད་གཞི་མཐོ་བའི་སྔོ་འགྱུར་ལས་གྲྭར་ཞུགས་པ་བརྒྱུད་སྨར་ཁམས་ཀྱི་མང་ཚོགས་ལ་གླ་ཆ་རག་པ་མ་ཟད། ཁོང་ཚོའི་མཐོང་རྒྱ་དང་དེང་རབས་ཀྱི་ངལ་རྩོལ་རྩལ་ནུས་ཆེ་རུ་ཕྱིན་ཡོད། སྐྱེ་ཁམས་འཛུགས་སྐྱོང་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་པའི་རྣམ་པ་དེས་ས་མཐོའི་ས་ཁུལ་ལ་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།