དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • པོ་ཏ་ལ་ཡི་ཉེ་འདབས་ནས། ཐག་རིང་ཡུལ་ལ་སྙིང་གཏམ་སྤྲིངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-05

    མཁའ་དབྱིངས་ཀྱི་བོད་ལྗོངས་བརྗོད་དོན་གཙོ་བོར་བྱས་པའི་སྦྲག་སྲིད་ཅུས་ཀྱི་ལན་འཇོག་གྱང་ངོས་སུ་ཡིག་སྐོགས་མེད་པའི་འཕྲིན་ཡིག་མང་པོ་སྦྱར་བ་དེ་ཡུལ་སྐོར་བའི་བརྩེ་སེམས་དང་དྲན་སེམས་མཚོན་ས་ཡག་ཤོས་སུ་གྱུར་པ།

    འདི་ནི་དགའ་རོགས་གཉིས་ཀྱིས་མཁའ་དབྱིངས་བོད་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་ནས་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ཉོ་བཞིན་པ།

    འདི་ནི་ཡུལ་སྐོར་བ་གཉིས་ཀྱིས་མཁའ་དབྱིངས་བོད་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་ནས་ཡིག་སྐོགས་མེད་པའི་འཕྲིན་ཡིག་ཉོ་བཞིན་པ།

    འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཞིག་གིས་རང་ཉིད་ཀྱི་བློ་ལ་བབས་པའི་ཡིག་སྐོགས་མེད་པའི་འཕྲིན་ཡིག་སྟོན་བཞིན་པ།

    འདི་ནི་ཡུལ་སྐོར་བ་སྐུ་ཞབས་ལི་ལགས་ཀྱིས་ལོ་བཅུའི་རྗེས་ཀྱི་རང་ཉིད་ལ་བསྐུར་བའི་འཕྲིན་ཡིག“དུས་ཚོད་ཡིག་སྒམ”ནང་འཇུག་བཞིན་པ།

    འདི་ནི་བདེ་སྲུང་བ་བསྟན་འཛིན་འགྱུར་མེད་ཀྱིས་ཡུལ་སྐོར་བར་བོད་ཡིག་གི་སྨོན་ཚིག་འབྲི་རོགས་བྱེད་བཞིན་པ།

    འདི་ནི“བོད་དུ་སྐྱོད་པའི”ས་ཁམས་མཚོན་རྟགས་བཀོད་པའི་གྱང་དམར་མདུན་དུ་བསྡད་པའི་ཡུལ་སྐོར་བ་ཡིན་པ།

    གླེང་གཞི།

    ཉེ་དུས་ཆར་ཆུ་འབེལ་བས་ལྷ་སའི་རི་ཀླུང་སྒང་གཤོངས་མེད་པར་སྔོ་ལྗང་གོས་བཟང་གིས་བརྒྱན་པ་དང་། ཆར་སིམ་ཁྲོད་ཀྱི་གྲོང་ཁུལ་དུ་ཡུལ་སྐོར་བའི་འགྲུལ་རྒྱུན་ཆད་རྒྱུ་མེད། ཕོ་བྲང་པོ་ཏ་ལའི་ཉེ་འདབས་སུ་ཡོད་པའི་མཁའ་དབྱིངས་བོད་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་སུ་ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་དུ་འོང་ཞིང་། ལ་ལས་ལག་ཏུ་སྨྱུ་གུ་ཐོགས་ནས་རང་ཉིད་ཀྱི་བསམ་འདུན་འབྲི་བ་དང་། ལ་ལས་འཕྲིན་ཡིག“དུས་ཚོད་སྦྲག་སྒམ”ནང་བླུགས་ནས་མ་འོངས་པའི་དུས་ཤིག་ལ་ཡི་གེ་དེ་རང་ཉིད་ཀྱི་ལག་ཏུ་འབྱོར་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་སར་སྐད་གྲགས་ཆེ་ཞིང་མི་ཆོས་རིག་གནས་ཀྱི་རྣམ་པ་ཟབ་མོ་ལྡན་པའི་གནས་དེ་བོད་ལ་ཡོང་མཁན་ཡུལ་སྐོར་བ་མང་པོས་ཡོང་འདོད་ཆེན་པོ་བྱེད་པའི་གནས་སུ་གྱུར་ཡོད།

    བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཚོས་རྟག་ཏུ་དེ་གར་ཉིན་ཕྱེད་རིང་བསྡད་དེ། ཡིག་སྐོགས་མེད་པའི་འཕྲིན་ཡིག་ཞིབ་ཚགས་ངང་འདེམས་པ་དང་དེའི་སྟེང་ས་མཐོའི་སྦྲག་རྟགས་བརྒྱབ་སྟེ། ཕོ་བྲང་པོ་ཏ་ལའི་ཉེ་འདབས་ནས་རང་ཉིད་ཀྱི་སྙིང་གཏམ་ཐག་རིང་ཡུལ་དུ་སྤྲིངས་བཞིན་ཡོད།

    ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་འདི་ག་ནི་ཡུལ་སྐོར་ཁྲོད་སེམས་ཁམས་གསོ་བའི་ས་ཚིགས་ཤིག་ཏུ་བརྩི་ཡི་ཡོད། ཡིག་སྐོགས་མེད་པའི་འཕྲིན་ཡིག་གི་རྒྱབ་ཏུ་ཡི་གེ་དེ་འབྱོར་བའི་ལོ་ཟླ་གསལ་པོར་བཀོད་དེ། ལས་དོན་མི་སྣར་སྤྲད་ན་ལོ་གྲངས་བཞིན་དེ་མཚུངས་ཀྱི་འགྲོ་གྲོན(ལོ་རེར་སྒོར་15དང་དེ་ནས་ལོ་རེ་བཞིན་སྤོར་གྱི་ཡོད)སྤྲོད་དགོས་པ་དང་། འཕྲིན་ཡིག་སྦྲག་སྒམ་ནང་བླུགས་ཚེ་མ་འོངས་པའི་དུས་ཤིག་ལ་རང་ཉིད་ཀྱི་ལག་ཏུ་འབྱོར་གྱི་ཡོད།

    ཡུལ་སྐོར་བ་སྐུ་ཞབས་ལི་ལགས་ལྷ་སར་འབྱོར་བའི་ཉིན་གཉིས་པ་དེ་རང་ལ་མཁའ་དབྱིངས་བོད་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་སུ་བསྐྱོད། ཟླ་བ་གཅིག་གི་གོང་ནས་འདིར་འགྲོ་རྒྱུའི་འཆར་གཞི་ཡོད་ཅིང་། ལོ་བཅུའི་རྗེས་ཀྱི་རང་ཉིད་ལ་ཆེད་མངགས་འཕྲིན་ཡིག་ཅིག་བྲིས་ནས་མི་ཚེའི་འཆར་འགོད་དང་བསམ་འདུན་ཡིག་ཆུང་དེའི་ནང་གསལ་པོར་བཀོད།

    ཁོང་གིས་ལོ་བཅུའི་རྗེས་སུ་རང་ཉིད་ནི“དགའ་ཞེན་ཆེ་བའི་བྱ་གཞག་དང་གཅེས་སྤྲས་བྱེད་རིན་ཡོད་པའི་མི་ཡོད་པ་དང་། གཟུགས་པོ་བདེ་མ་ཐང་མ་ཡིན་པ། སེམས་བག་ཡངས་བ། ས་ཆ་མང་པོར་སྐྱོད་མྱོང་བ། འཚོ་བ་མི་སྨོན་རང་སྐྱིད་ཡིན་པ། དཀའ་ངལ་ཇི་ལྟར་འཕྲད་རུང་སྔར་བཞིན་གཤིས་རྒྱུད་ཞི་ཞིང་དུལ་བ། ཐོག་མའི་བསམ་འདུན་དང་རེ་སྒུག་མི་བརྗེད་པ། ནམ་ཡང་བསམ་ཕོད་པ་དང་བྱེད་ཕོད་པ་ཞིག་བྱེད་ཐུབ་པ”བཅས་ཀྱི་མི་ཞིག་ཆགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཡུལ་སྐོར་བ་མའོ་མའོ་དང་མཉམ་དུ་བང་བསྒྲིགས་པའི་ཡུལ་སྐོར་བ་ཚོས“བོད་དུ་སྐྱོད་པའི”ས་ཁམས་མཚོན་རྟགས་བཀོད་པའི་གྱང་དམར་པོ་ཞིག་གི་མདུན་དུ་བསྡད་དེ་སྨོན་ཚིག་འབྲི་བཞིན་ཡོད། ད་ཐེངས་བོད་དུ་ཡུལ་སྐོར་ལ་ཡོང་བ་དེས་ས་མཐོའི་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ལ་ཁོང་ཡིད་སྨོན་རབ་ཏུ་སྐྱེས་ཡོད། ཁོང་གིས། བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་ནས་ཡིག་སྐོགས་མེད་པའི་འཕྲིན་ཡིག་མང་པོ་ཉོས་ཏེ་ཕྱི་རྒྱལ་དུ་ཡོད་པའི་གཉེན་ཉེར་བསྐུར་རྩིས་བྱེད་བཞིན་མཆིས།

    “མི་ཞིག་གི་མི་ཚེ་གང་པོར་བོད་དུ་ཡུལ་སྐོར་ལ་ཐེངས་གཅིག་སྐྱོད་དགོས” ཁོང་གིས། “འདི་ག་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡིག་སྐོགས་མེད་པའི་འཕྲིན་ཡིག་ཅིག་བསྐུར་ཏེ་ངའི་གཉེན་ཉེ་དང་གྲོགས་པོ་ཚོ་ནམ་ཞིག་བོད་དུ་ཐེངས་གཅིག་ཡོང་ནས་དེ་གའི་མི་ཆོས་རིག་གནས་དང་རང་བྱུང་མཛེས་ལྗོངས་ཉམས་སུ་མྱོང་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

    ལྷ་སར་གཞུང་དོན་སྒྲུབ་པར་ཡོང་བའི་སྐབས་དང་བསྟུན་ནས་སྐུ་ཞབས་ཤཱ་ལགས་ཀྱིས་བོད་ཀྱི་ཡུལ་ལྗོངས་འཁོད་པའི་ཡིག་སྐོགས་མེད་པའི་འཕྲིན་ཡིག་མང་པོ་ཞིག་ཉོས་ནས་ཁྱིམ་དུ་ལོག་དུས་བུ་མོ་མཚེ་མ་གཉིས་ལ་སྤྲོད་རྩིས་ཡོད། ཁོང་གིས་དེང་སང་ཕྲུ་གུ་ཚོས་ཕན་ཚུན་ལག་རྟགས་ཆུང་ཆུང་སྤྲོད་རེས་བྱེད་པར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ས་མཐོ་ནས་འཁྱེར་ཡོང་བའི་དྲན་གསོའི་ལག་རྟགས་དེའི་ནང་བབ་ཆགས་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བས་ཕྱུག་པ་དང་། དེ་ལས་བོད་ཀྱི་དམིགས་བསལ་བརྩེ་སེམས་ཀྱང་མངོན་ཡོད་ཅེས་བརྗོད།

    མཁའ་དབྱིངས་བོད་ལྗོངས་བརྗོད་དོན་གཙོ་བོར་བྱས་པའི་སྦྲག་སྲིད་ཅུས་ཀྱི་བདེ་སྲུང་བ་བསྟན་འཛིན་འགྱུར་མེད་ཀྱིས་རྟག་ཏུ་ཡུལ་སྐོར་བ་དང་མཉམ་དུ་སྦྲག་སྲིད་ཅུས་སུ་ཡོང་ནས་ཚང་མར་ལོ་ཤས་དང་ལོ་བཅུ་ལྷག་ཙམ་རྗེས་སུ་རང་ཉིད་ལ་བསྐུར་བའི་འཕྲིན་ཡིག་དེ“དུས་ཚོད་སྦྲག་སྒམ”ནང་གཟབ་ནན་ངང་བླུགས་རོགས་བྱེད་ཀྱི་ཡོད། ཡུལ་སྐོར་བས་འཕྲིན་ཡིག་ཡིག་སྒམ་ནང་བླུགས་རིམ་བཞིན་ཁོང་གིས་སེམས་རྩ་འཁོལ་པོས་ཡུལ་སྐོར་བའི་ཕྲག་པར་གཞུ་ཙམ་དང་ལག་པ་གཏོང་རེས་བྱས་ནས་ཞལ་གྱེས་ཞུ་གི་ཡོད།

    ལས་གནས་སུ་ལོག་ནས་ཡུད་ཙམ་ལས་མ་སོང་བར་ཡུལ་སྐོར་བས་ཁོང་བཙལ་ནས་ཡིག་སྐོགས་མེད་པའི་འཕྲིན་ཡིག་སྟེང་བོད་ཡིག་གི“བཀྲ་ཤིས་བདེ་ལེགས”འབྲི་རོགས་ཟེར་གྱི་ཡོད། དེ་ནི་རང་འཁྲིའི་ལས་ཀ་མིན་རུང་ཁོང་གིས་གཡོ་ཟོལ་གཏན་ནས་མི་བྱེད་པར་ཡུལ་སྐོར་བའི་རེ་བ་སྐོང་གང་ཐུབ་བྱེད་ཀྱི་ཡོད།

    ད་ལོ་ལོ་33ལ་སླེབས་པའི་བསྟན་འཛིན་འགྱུར་མེད་ནི་འདམ་གཞུང་ནས་ཡིན་པ་དང་། ལོ་20ཙམ་ལ་སླེབས་སྐབས་ཕྱིར་གླ་པ་རྒྱུག་པར་བསྐྱོད་དེ་ཨར་པོ་བ་དང་ཁོར་ཡུག་གཙང་སྦྲ་བ་སོགས་ཀྱི་ལས་ཀ་བྱེད་མྱོང་ཡོད། ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་སུ་བདེ་སྲུང་ལས་ལ་གཞོལ་ནས་ལོ་5སོང་བ་དང་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་སུ་ལས་རེས་བྱས་ནས་ལོ་གཅིག་ལྷག་ཙམ་སོང་ཡོད།

    ཡུལ་སྐོར་བ་མང་བའི་དུས་ཚིགས་འཆར་རིམ་བཞིན། བསྟན་འཛིན་འགྱུར་མེད་ཀྱིས་ཉིན་ལྟར་ཡུལ་སྐོར་བར“བཀྲ་ཤིས་བདེ་ལེགས”དང་དེ་བཞིན“ལུས་བདེ་ཁམས་བཟང”སོགས་ཀྱི་སྨོན་ཚིག་བརྒྱ་ཕྲག་ཁ་ཤས་འབྲི་མྱོང་ཡོད་ཅིང་། སྨོན་ཚིག་བྲིས་མི་ཚར་བ་ཡོད་ཀྱང་ཁོང་གིས་སྔར་བཞིན་ཐོག་མའི་བསམ་འདུན་བརྟན་པོར་བཅངས་ནས་ཡུལ་སྐོར་བའི་འདོད་པ་སྐོང་གང་ཐུབ་བྱེད་ཀྱི་ཡོད།

    འབྲོག་ཁུལ་ནས་ཡོང་བའི་ཁོང་གིས་གྲོང་ཁྱེར་དུ་འཚོ་ཐབས་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན་པ་གསལ་པོར་ཤེས་ཀྱི་ཡོད། ཡུལ་སྐོར་བ་ཚོས་ལྷ་སར་དགའ་པོ་དང་བོད་ཀྱི་རིག་གནས་ལ་ཡི་རངས་གོང་བཀུར་བྱེད་པར་ཐུགས་རྗེ་ཆེ་ཞུ་ཆེད་ཁོང་ལ་སྨྱུ་གུ་དང་ཤོག་བུར་བརྟེན་ནས་གངས་ལྗོངས་ཀྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་བྱུང་བར་སྤོབས་སེམས་ཆེན་པོ་སྐྱེ་གི་ཡོད།

    ལས་ཀར་ཞུགས་ཙམ་ལ་བསྟན་འཛིན་འགྱུར་མེད་ཀྱིས་རྒྱ་སྐད་ཡག་པོ་ཤོད་ཤེས་ཀྱི་མེད་མོད། ད་ཆ་ཡུལ་སྐོར་བ་ཚོ་དང་སྤེལ་རེས་ཡག་པོ་ཐུབ་ནས་ཁོང་ཚོའི་བསམ་འདུན་ལྟར་བོད་ཡིག་གི་སྨོན་ཚིག་འབྲི་ཐུབ་ཀྱི་ཡོད། ཁོང་གིས་ལས་འགན་ཧུར་ཐག་སྒྲུབ་པ་དང་འགན་འཁྲི་ནན་ཏན་ཁུར་ནས་རང་འཁྲིའི་ལས་ཀ་ཡག་པོ་བྱེད་ཀྱི་ཡོད་ལ། མིག་སྔའི་འཚོ་བར་གཅེས་སྤྲས་ཀྱང་བྱེད་ཀྱི་ཡོད།

    རང་སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་ལས་ད་ཆ་བསྟན་འཛིན་འགྱུར་མེད་ལ་དྲ་གྲོགས་མི་ཉུང་བ་ཞིག་གི་དོ་ཁུར་ཐོབ་ནས་སྦྲག་སྲིད་ཅུས་ཀྱི“མིང་བྱང”ཞིག་ཏུ་གྱུར་ཡོད། ཁོང་གིས་གཟའ་འཁོར་རེར་ངལ་གསོ་ཉིན་གཅིག་ལས་རྒྱག་གི་མེད། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཆེད་མངགས་ལམ་ཐིག་ལེགས་སྒྲིག་བྱས་ཏེ་ཁོང་གིས་བོད་ཡིག་གི་སྨོན་ཚིག་འབྲི་རེ་བྱེད་ཀྱི་ཡོད།

    ཉི་འོད་ཕོ་བྲང་པོ་ཏ་ལའི་གསེར་གྱི་རྒྱ་ཕིབས་ལ་འཕྲོ་སྐབས། འཕྲིན་ཡིག་དེ་དག་ལ་ལ་ཐག་རིང་ཡུལ་ལ་སྐུར་གྲབས་ཡོད་པ་དང་། ལ་ལ་མ་འོངས་པའི་དུས་ཤིག་ལ་བསྐུར་ཆེད་འདི་གར་ཉར་ཚགས་བྱེད་ཀྱི་ཡོད། འཕྲིན་ཡིག་དེ་དག་ས་ཆ་གང་དུ་འབྱོར་ཡང་། དེ་ལས་ཕོ་བྲང་པོ་ཏ་ལའི་ཉེ་འདབས་ནས་གཉེན་ཉེ་གྲོགས་པོར་འཁྲེང་བའི་བརྩེ་སེམས་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།