ས་མཐོའི་སྔོ་ལྗང་ལེགས་པར་བསྲུངས། སྐྱེ་ཁམས་རྣམ་པ་གསར་པ་བཏོད།
—— 2026ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།
ས་མཐོའི་ཁྱོན་དུ་རི་སྔོན་ཆུ་དྭངས་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད། 2026ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་དམིགས་ཚད་གཏན་འཁེལ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ལོའི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་མཐུད་ངང་བརྟན་དུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། སྐྱེ་ཁམས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་སྲ་བརྟན་དུ་ཕྱིན་ཡོད།
ལོ་སྟོད་དུ་རང་ལྗོངས་ཀྱིས“1+8”ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་ལག་བསྟར་མ་ལག་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚོ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྔོན་བསྟར་ཁུལ་རེ་ཞུ་དང་འཛུགས་གཏོད་ཀྱི་ལས་དོན་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་བ་དང་། དཔེ་མཚོན་སྐྱེད་སྲིང་དང་དཔེ་སྟོན་སྣེ་ཁྲིད་དམ་འཛིན་བྱ་གཞིར་བྱས་པས། “མཛེས་སྡུག་ལྡན་པའི་མུ་འབྲེལ”གྱི་དཔེ་མཚོན་12གསེད་བཀྲོལ་བྱས་ཏེ། མིག་མཐོང་ལག་ཟིན་གྱི་སྐྱེ་ཁམས་མ་དཔེ་ཁག་གཅིག་བཏོད་ནས་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤུས་འབྲས་ལེགས་གཉེར་ལ་སྐུལ་ཁྲིད་བྱས་ཡོད།
དཔེ་སྟོན་དཔེ་མཚོན་བཏོད་པ་དང་ཆབས་ཅིག་རང་ལྗོངས་ཀྱིས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོར་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཐུན་མིན་གྱི་སྐྱེ་ཁམས་ཀྱི་ལེགས་ཆ་དང་དངོས་རིགས་ཐུན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཨུ་ལྷན་བཙུགས་པ་དང་ཆེད་དོན་སྲུང་སྐྱོང་འཆར་གཞི་བཏོན་ཏེ། ལྗོངས་ཡོངས་ཀྱི་རེས་སྐོར་དང་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་གདན་བརྟག་དཔྱད་དང་སྐྱེ་དངོས་རིགས་ཀྱི་དཀར་ཆག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བཙུགས་ཡོད།
དངོས་སྒྲུབ་ཀྱི་བྱ་ཐབས་རབ་དང་རིམ་པས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཞིང་། མིག་སྔར་ལྗོངས་ཡོངས་སུ“ལོ་ལྔ་ཚན་བཅུ་བཞི་པའི”སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་གྱི་ཕན་འབྲས་དཔྱད་དཔོག་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། མཐོ་ས་འཛུགས་སྐྲུན་གྱི་དམིགས་ཚད་ཁག་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་དེའི་ནང་དམིགས་ཚད་ཁག་9རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པས། གངས་ལྗོངས་ས་མཐོའི་སྐྱེ་ཁམས་རྨང་གཞི་དེ་བས་བཀྲག་མདངས་འཚེར་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་ཕྱིན་ཡོད།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་འཇུན་པ་ཉ་གྲོང་དུ་སྐྱོད་སྐབས། སྣུམ་ནག་ལམ་གསར་པ་གྲོང་ཚོར་ཤར་གཏོང་ཐུབ་པ་དང་། འགྲོ་ལམ་གཡས་གཡོན་དུ་ལྗོན་ཤིང་གིས་ཁེངས་ལ་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་པོར་གནས་ཡོད།
འཇུན་པ་ཉ་གྲོང་གི་འགྱུར་ལྡོག་ནི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ལོ་སྟོད་དུ་རང་ལྗོངས་ཀྱིས་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་ངང་བརྟན་དུ་བཏང་ནས་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། རླུང་ཁམས་ཆེ་མོའི་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བར་དམིགས་ཏེ། ལྷ་ས་གྲོང་ཁྱེར་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་བཅོས་སྐྱོང་གི་སྒྲིག་བཀོད་ལ་གྲལ་བཤེར་བཅོས་སྒྲིག་བྱས་པ་དང་། ཨར་འདམ་ཁེ་ལས་ཀྱི་ཆེས་དམའ་བའི་བཙོག་འབུད་སྒྱུར་བཀོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་གཙོ་གནད་ལས་རིགས་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་གི་ལས་རྗེས་རིམ་པའི་དཔྱད་བསྡུར་དང་ཆེས་དམའ་བའི་བཙོག་འབུད་སྒྱུར་བཀོད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཡོད། ཆུའི་ཁོར་ཡུག་བདེ་འཇགས་ལ་དམ་པོར་དམིགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཆུ་འགོའི་ཁུལ་དུ་སྐོར་ཞིབ་དང་དོ་དམ་སྲུང་སྐྱོང་བྱས་ནས་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་དེ་བཞིན་འཛུགས་སྐྲུན་ཁུལ་གྱི་ཆུ་སྙིགས་མེད་པར་བཟོས་ཡོད། ས་རྒྱུའི་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ནས་འཛུགས་སྐྲུན་ས་ཆའི་སྦགས་བཙོག་བརྟག་དཔྱད་དང་། ཞིང་སྤྱོད་ས་ཆའི་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་བཅོས་སྒྲིག གཙོ་གནད་ཁེ་ལས་ཀྱི་ས་རྒྱུ་དང་ས་འོག་ཆུའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།
རང་ལྗོངས་ཀྱིས་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། འཕེལ་རྒྱས་ཀྱིས་མཐུན་རྐྱེན་སྦྱོར་ཤུགས་དང་དམངས་ཡོངས་ཀྱིས་མཉམ་བཅོས་བྱེད་པར་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་གསོག་འཇོག་བྱས་ཡོད།
ལྗང་མདོག་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་དང་གཙོ་གནད་རྣམ་གྲངས་སྦྲེལ་མཐུད་ལས་ཀའི་ལམ་སྲོལ་བཙུགས་ནས“ཁོར་ཡུག་འཇུག་འཐུས་དང་བར་མཐོངས་དོ་དམ་ཚོད་འཛིན་ཟུང་འབྲེལ”གྱི་དོ་དམ་ཚོད་འཛིན་མ་ལག་བཙུགས་ཡོད།
སྐྱེ་ཁམས་སྲུང་སྐྱོང་བྱེད་སྐབས་མང་ཚོགས་རྒྱ་ཁྱབ་ངང་ཞུགས་པ་དང་ཁ་འབྲལ་ཐབས་མེད། རང་ལྗོངས་ཀྱིས་སྐྱེ་ཁམས་ལས་གནས་ཀྱི་དོ་དམ་བྱ་ཐབས་བཟོ་བཅོས་བརྒྱབ་ནས་ལག་བསྟར་བྱས་ཤིང་། ལས་གནས་ཀྱི་ཁ་གསབ་རོགས་དངུལ་མི་རེར་ལོ་རེར་སྒོར་4000བར་མཐོ་རུ་བཏང་ནས་གཞི་རིམ་མང་ཚོགས་ཀྱི་སྔོ་ལྗང་སྲུང་སྐྱོང་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་ནུས་ལྡན་བྱས་པ་དང་། མང་ཚོགས་དེ་བས་མང་བས“དོ་དམ་སྲུང་སྐྱོང་ལག་དེབ”ཁྱེར་ནས“སྐྱེ་ཁམས་ཀྱི་ཡོང་འབབ”རག་ཐབས་བྱས་ཏེ་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པའི་ཁྲོད་ཁེ་ཕན་བརྟན་པོ་ཐོབ་ཡོད།
རྣམ་པ་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྔོ་སྲུང་སྔོ་གཅེས་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་བཏང་ཞིང་། ཀྲུང་གོའི་ཉིང་རྡུལ་བདེ་འཇགས་དྲིལ་བསྒྲགས་ཉིན་མོ་དང་། རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོ། འཛམ་གླིང་ཁོར་ཡུག་ཉིན་མོ་སོགས་དུས་ཀྱི་མཚམས་ཚིགས་གལ་ཆེན་ལ་དམིགས་ནས། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དང་དང་བླངས་ཞབས་ཞུ་སོགས་ཀྱི་རྣམ་པ་བརྒྱུད། ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་རང་འགུལ་ངང་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པ་དང་ལྗང་མདོག་འཚོ་བ་ལག་ལེན་བསྟར་བར་ཁྲིད་སྟོན་བྱས་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།