དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་རི་བོ་ཆེ་རྫོང་གི་ཤྭ་བ་སེར་ཆེན་སྲུང་སྐྱོང་བ་བྱང་ཆུབ་ལྷ་མོས་བརྗོད་དོན།

    “ཤྭ་བ་དེ་དག་ལ་དཀའ་ངལ་འཕྲད་སྐབས་ང་ཚོས་ཁ་ཡ་མ་བྱས་ན་ག་ལ་འགྲིག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2026-08-31

    བོད་ལྗོངས་ཆབ་མདོའི་རི་བོ་ཆེ་རྫོང་གི་དབྱར་དུས་ཀྱི་ནག་སྟེང་ཐང་འབྲོག་རར་སེར་ཆེན་མེ་ཏོག་རབ་ཏུ་བཞད་ཅིང་མེ་ཏོག་གི་དྲི་བསུང་ལྷང་ལྷང་དུ་འཐུལ་འོང་། སྲུང་སྐྱོང་ཁུལ་གྱི་དོ་དམ་པ་པད་མ་ཚེ་དབང་གིས་ས་སྟེང་དུ་བསྡད་ནས་ཤྭ་བ་སེར་ཆེན་ཞིག་ལ་ཚྭ་རྩིང་བསྲེས་པའི་ཉུང་མ་སྟེར་བཞིན་ཡོད། ཤྭ་བ་སེར་ཆེན་གྱིས་ཁ་ཁ་ཤས་བཟས་ནས་ཁོང་གི་དཔུང་པར་འདྲད་འདྲད་བྱས།

    “ལོ་50ལྷག་ཙམ་གྱི་གོང་ཨ་མས་བསྐྱབས་པའི་ཤྭ་ཕྲུག་གསུམ་པོས་ཀྱང་ཁོང་ལ་དེ་ལྟར་བརྟེན་གྱི་ཡོད། ཨ་མས‘ཟོ་ཟོ་ཟོ’ཞེས་འབོད་པ་ཐོས་མ་ཐག་བློ་ཁོག་ཆུང་ཤོས་ཀྱི་ཤྭ་བ་སེར་ཆེན་ཡང་ཁོང་གི་འཁྲིས་སུ་ཡོང་གི་རེད”ཅེས་པད་མ་ཚེ་དབང་གིས་བཤད།

    པད་མ་ཚེ་དབང་གི་ཨ་མའི་མིང་ལ་བྱང་ཆུབ་ལྷ་མོ་ཟེར་གྱི་ཡོད། 1970ལོའི་དགུན་དུས་ཀྱི་མཚན་མོ་ཞིག་ལ་ཁ་བ་ཆེན་པོ་བབས་ནས་རི་རྒྱ་བསྡམས། ལོ་15ལ་སླེབས་པའི་བྱང་ཆུབ་ལྷ་མོ་གཉིད་དུ་ཡུར་ཟིན་པ་དང་སྒོའི་ཕྱི་རོལ་ནས་ཤྭ་བའི་སྐད་ཡང་ཡང་གྲགས་འོང་། ཁོང་གིས་ལམ་སེང་སྒོ་ཕྱེ་ནས་ལྟ་སྐབས་ཤྭ་ཕྲུག་གསུམ་ཐེམ་པའི་འགྲམ་དུ་ལངས་ནས་ཡོད་པ་དང་མདུན་ལ་ཡོད་པའི་ཤྭ་ཕྲུག་དེས་མགོ་བོ་སྒོ་པང་ལ་སྣུན་བཞིན་ཡོད། སྐབས་དེར་བྱང་ཆུབ་ལྷ་མོས་སྐད་ཆ་གང་ཡང་མ་བཤད་པར་ཁོང་ཚོ་པང་དུ་བཏབ་ནས་ཁང་པའི་ནང་དུ་ཁྲིད།

    ཤྭ་བའི་འོ་མ་མེད་པས་འབྲིའི་འོ་མ་སྟེར་རྒྱུ་ལས་མ་འདས། མཚན་དགུང་དུ་ཤྭ་ཕྲུག་ཆུང་ཆུང་འཁྱགས་པར་དོགས་ནས་ཁོང་ཚོ་པང་དུ་བཏབ་སྟེ་རང་གི་མལ་སར་བཅུག ལོ་གཉིས་ཙམ་སོང་བ་དང་ཤྭ་ཕྲུག་ཆུང་ཆུང་ཡང་རྒྱགས་རིལ་རིལ་ཆགས་ཡོད། བྱང་ཆུབ་ལྷ་མོས་ཤྭ་ཕྲུག་དེ་གསུམ་སྤང་སྤུང་རི་གཤམ་གྱི་་ནགས་ཚལ་ཁྲོད་དུ་གློད།

    ལོ་དེའི་དགུན་ཁར་ལྷགས་པ་ཆེན་པོ་ལངས་མ་ཐག་ཤྭ་བ་སེར་ཆེན་གསུམ་པོ་ལོག་ཡོང་བ་མ་ཟད། ད་དུང་ཤྭ་བ་ཁྱུ་གཅིག་མཉམ་དུ་ཁྲིད་ཡོད་པ་རེད། ཁོང་ཚོས་ཐད་ཀར་བྱང་ཆུབ་ལྷ་མོའི་ཕྱོགས་སུ་རྒྱུག་ཡོང་ནས་དཔྲལ་བ་དང་གདོང་པས་ཁོང་གི་ཕྱུ་པའི་ཐོག་འདྲད་འདྲད་བྱས། དེ་ནས་བཟུང་ཤྭ་བ་སེར་ཆེན་དེ་དག་དབྱར་ཁར་རི་སྟེང་དུ་བསྐྱོད་ནས་སྐྱེ་འཕེལ་དང་དགུན་ཁར་ཤྭ་བ་ཁྱུ་ཁྲིད་ནས་ཀླུང་ལ་བབས་ཡོང་གི་ཡོད་པས། བྱང་ཆུབ་ལྷ་མོས་སྔ་ས་ནས་ཉུང་མ་དང་ཚྭ་གྲ་སྒྲིག་བྱས་ཏེ་རྩྭ་རར་སྒུག་ནས་སྡོད་ཀྱི་ཡོད།

    1974ལོར་བྱང་ཆུབ་ལྷ་མོ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སློབ་ཆུང་ལོ་གཉིས་ལས་འགྲིམས་མྱོང་མེད་པའི་བོད་རིགས་བུ་མོ་དེས“གུང་ཁྲན་ཏང་ཡོན་ཞིག་གིས་ཡུལ་མི་ཚོར་ཞབས་འདེགས་ཞུ་དགོས་པ་ཙམ་མ་ཟད། ད་དུང་ས་གཞི་དེའི་ཐོག་གི་ཚེ་སྲོག་ཀུན་ལ་སྲུང་སྐྱོང་ཡང་བྱེད་དགོས་པའི་གནས་ལུགས་རྟོགས་ཀྱི་ཡོད”

    1993ལོར་རི་བོ་ཆེའི་ཤྭ་བ་སེར་ཆེན་གྱི་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྒོ་བྱང་བཀལ་ནས་བཙུགས་པ་དང་བྱང་ཆུབ་ལྷ་མོ་དོ་དམ་སྲུང་སྐྱོང་བ་ཞིག་ཏུ་གྱུར། སྲུང་སྐྱོང་ཁུལ་གྱི་འགན་འཁུར་བས་ཁོང་ལ་སྒྲིག་ཁོངས་མེད་པ་དང་ཁ་གསབ་ཉུང་བའི་ལས་ཀ་དེ་འདྲ་ཞིག་བྱེད་དོན་གང་ཡིན་ནམ་ཞེས་འདྲི་སྐབས། བྱང་ཆུབ་ལྷ་མོས“ངས་ཁོང་ཚོ་ཚང་མ་ངོ་ཐག་ཆོད་ཀྱི་ཡོད་ལ། ཤྭ་བ་གང་ཞིག་ལ་ཤྭ་ཕྲུག་འཁོར་ཡོད་པ་དང་། གང་ཞིག་ལ་ནད་གཞི་ཕོག་ཡོད་པ། གང་ཞིག་གི་ཤྭ་ཕྲུག་སྐྱེ་ཤོར་ཐེབས་པ་བཅས་གསལ་པོར་ཤེས་ཀྱི་ཡོད། དེ་དག་ནི་སྲོག་ཆགས་ཙམ་མ་ཟད། ངའི‘ཕྲུ་གུ’ཡང་ཡིན”ཞེས་བཤད།

    2008ལོའི་དཔྱིད་འགོར་གངས་ཆེན་པོ་ཞིག་བབས་ནས་རྩྭ་ར་ཡོངས་སུ་མནན་པས་ཤྭ་བ་སེར་ཆེན་ལ་རྩྭ་ཟ་རྒྱུ་མེད། བྱང་ཆུབ་ལྷ་མོས་ནང་མི་དང་གྲོང་པ་ཚང་མ་བོས་ནས་འབྲི་གཡག་དེད་དེ་རྩྭ་སྐམ་པོ་དང་། ཉུང་མ། ཚྭ་བཅས་འཁྱེར་ནས་གངས་ཁྲོད་དུ་བསྐྱོད། དེ་ལྟར་བསྐྱོད་པའི་ཉིན་གསུམ་པར་ཁོང་གི་རྐང་པར་འཁྱགས་སྦོས་ཐེབས་ནས་སྐྲངས་ཏེ་སྨུག་པོ་ཆགས་པ་དང་གོམ་པ་སྤོ་ཐེངས་རེར་ལུས་པོ་ཡོངས་འདར་སིག་རྒྱག་གི་ཡོད། མཉམ་དུ་སྐྱོད་མཁན་གྱིས་རེས་མོས་ངང་ཁོང་ལ་ལོག་དགོས་པའི་ཁ་ཏ་བྱས་ཀྱང་ཁོང་གིས“རི་སྟེང་གི་ཤྭ་བ་སེར་ཆེན་ལྟོགས་པར་ལུས་པས་ངས་ཕྱིར་བཤོལ་བྱས་ན་མི་འགྲིག ང་ནི་ཏང་ཡོན་ཞིག་ཡིན་པས་ཤྭ་བ་དེ་དག་ལ་དཀའ་ངལ་འཕྲད་སྐབས་ང་ཚོས་ཁ་ཡ་མ་བྱས་ན་ག་ལ་འགྲིག”ཅེས་ཡང་ཡང་བཤད།

    ལོ་དེ་དག་རིང་། རི་བོ་ཆེ་རྫོང་གི་ཤྭ་བ་སེར་ཆེན་གྱི་ཁྱུ་ཚོགས་དེ་སྲུང་སྐྱོང་ཁུལ་བཙུགས་མ་ཐག་པའི་སྐབས་ཀྱི་ཁ་གྲངས་500ལྷག་ཙམ་ནས་8000ལྷག་ཙམ་བར་འཕར་ཏེ་བཅུ་ཆ་དགུ་ཡན་སྲུང་སྐྱོང་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད། “ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ང་ཚོ་གུང་ཁྲན་ཏང་ཡོན་གྱིས་སྣེ་ཁྲིད་ནས་སྒྲུབ་དགོས་པའི་ལས་འགན་གལ་ཆེན་ཞིག་རེད”ཅེས་བྱང་ཆུབ་ལྷ་མོས་བཤད།

    2024ལོའི་ཟླ་8པར། བྱང་ཆུབ་ལྷ་མོ་ཚེ་ལས་འདས་ཁར་རང་གི་བུ་གཉིས་ལ“དགུན་ཁར་ཚྭ་མང་ཙམ་གྲ་སྒྲིག་བྱ་རྒྱུ་མ་བརྗེད་པ་བྱེད་ཨང་། ཤྭ་བ་སེར་ཆེན་དགུན་སྒྲོལ་བྱེད་སྐབས་ཚྭ་ནི་སྲོག་སྐྱོབ་དངོས་པོ་ཡག་ཤོས་ཤིག་རེད”ཅེས་བཤད།

    ད་ཆ་པད་མ་ཚེ་དབང་དང་གཅེན་པོ་རིན་ཆེན་ཚེ་འཕེལ་གྱིས་ཨ་མའི་སླེལ་པོ་དང་ཤུ་འཁྱེར་ནས་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་བར་གྱུར་ཡོད། “ང་དང་གཅེན་པོས་ཤུ་བརྒྱབ་པ་ཐོས་མ་ཐག་ཤྭ་བ་སེར་ཆེན་དེ་ཚོས་ཨ་མའི་སྐད་ཐོས་པ་དང་འདྲ་བར་བང་རིང་པོ་བསྒྲིགས་ཏེ་རི་ནས་བབ་ཡོང་གི་ཡོད”ཅེས་པད་མ་ཚེ་དབང་གིས་བཤད་པ་དང་། ཁོང་གིས“ཤྭ་བ་སེར་ཆེན་8000ལྷག་ཙམ་དང་ང་ཚོ་ཚང་མ་ནི་ཨ་མའི་བུ་ཕྲུག་རེད”ཅེས་བཤད།

    ས་སྲོད་ཀྱི་མཚམས་སུ་འབྲོག་ར་ནས་སླར་ཡང་ཤུ་སྒྲ་གྲགས་པ་དང་ཤྭ་བ་སེར་ཆེན་དེ་དག་གང་ས་གང་ནས་རྒྱུགས་འོང་། མི་ལ་འགྱུར་ལྡོག་བྱུང་ཡང་རྩྭ་རའི་ཐོག་གི་ཁ་ཆད་ལ་འགྱུར་བ་གཏན་ནས་འགྲོ་མྱོང་མེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།