ཁྲིམས་གཞུང་འདི་ལག་བསྟར་བྱས་རྗེས་བོད་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གང་ཞིག་ལྡན་ཡོད་དམ།
ཟླ་8ཚེས་15ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེ་ཐོག་ནས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་དངོས་སུ་ཁྲིམས་གཞུང་གི་དུས་རབས་སུ་སླེབས་པ་མཚོན་གྱི་ཡོད།
སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དུས་ཀྱི་འཕེལ་རིམ་དང་བསྟུན་ནས་ཐོན་པ་དང་། དེ་ཉིད་བོད་ཀྱི་ངོས་ནས་བརྗོད་ན་དུས་ཐོག་ཆར་པ་ཞིག་དང་མཚུངས།
བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཡིན་ཞིང་། འགན་འཁྲི་ཆེ་ཤོས་དེ་སྐྱེ་ཁམས་ཡིན་ལ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་དེའང་སྐྱེ་ཁམས་ལ་ཡོད། འདི་ལྟའི་དམིགས་བསལ་ཁུལ་ཁོངས་ལས་བོད་དུ་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ལ་སྲུང་སྐྱོང་བྱ་རྒྱུའི་དགོས་པ་དེ་བས་ཆེ་བ་གཏན་འཁེལ་བྱུང་ཡོད། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ནང་མཚོ་བོད་ས་མཐོ་དེ་ཉིད་གཙོ་གནད་སྲུང་སྐྱོང་ས་ཁོངས་སུ་བརྩིས་ཏེ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པར་དེ་བས་འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལག་ལེན་བསྟར་རྗེས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་མཉམ་དུ་ཁྲིམས་སྐྱོང་གི་མཉམ་ཤུགས་ཤིག་ཆགས་ནས་བོད་ཀྱི་སྐྱེ་ཁམས་ཀྱི་རྨང་གཞིར་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་སྲ་ཞིང་བརྟན་པའི་འགན་ལེན་ཐུབ་རྒྱུ་རེད།
ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་མ་འཚོག་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་ལས་དོན་ནང་ཟུར་ཞུགས་བྱས་ཤིང་། ཁོང་གིས་བཏོན་པའི་གྲོས་འགོ་ཁག་གཅིག་དང་ལེན་བྱས་ནས་ཁྲིམས་གཞུང་ནང་བཀོད་པ་དང་། བོད་ཀྱི་འབོད་སྒྲ་ཐོས་པ་དང་ས་མཐོའི་རེ་ཞུ་བཅའ་ཁྲིམས་ནང་བཀོད་ཡོད།
བཅའ་ཁྲིམས་ཀྱི་རྨང་གཞི་དེ་ལག་ལེན་དང་ནུས་པ་དེ་ལག་ལེན་ལ་ཐུག་ཡོད། དོན་སྙིང་དེ་ཐོག་ནས་བརྗོད་ན། ཁྲིམས་གཞུང་དེར“བོད་ཀྱི་རྟགས་མཚན”མངོན་གསལ་དོད་པོ་ཡོད་ཅིང་། ལྷ་སའི་ལྷོ་རི་བྱང་རི་ཉིན་རེ་ལས་མ་འདས་པར་ལྗང་ཐིང་ཐིང་དུ་འགྱུར་བ་ནི་རྟགས་མཚན་དེའི་གཞི་མདོག་རེད། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་150ལྷག་ཙམ་བྱས་པ་དང་སྡོང་ཕྲུག་རྐང་དུང་ཕྱུར་1.5ལྷག་ཙམ་བཙུགས་པར་གསོན་ཚད་85%ཡན་ཟིན་ཡོད། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། ལས་གྲྭའི་ས་ཁོངས་དེ་2020ལོའི་ཆུ་འགོ་གསོ་འཁྱོངས་ནུས་པ་དང་བསྡུར་ན་40.2%མཐོ་རུ་ཕྱིན་པ་དང་། ས་ཆུ་ཤོར་ཚད་60%དམའ་རུ་ཕྱིན་པ། རྩྭ་རྩི་ཤིང་ནས་གསོ་རླུང་ཐོན་ནུས་8.7%མཐོ་རུ་ཕྱིན་པ། ཉེ་འཁོར་དུ་ཆར་པ་འབབ་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་ཧའོ་སྨི་29མང་དུ་ཕྱིན་པ། བལྟོས་བཅས་ཀྱི་བརླན་ཚད་0.5%མཐོ་རུ་ཕྱིན་པ། གསོ་རླུང་འདུས་ཚད་1.3%མཐོ་རུ་ཕྱིན་ཡོད།
གཞི་ཁྱོན་སྔར་ན་བྱུང་མ་མྱོང་བའི་སྔོ་འགྱུར་བྱ་སྤྱོད་དེ་ལས་ས་མཐོའི་རི་རྒོད་དུ་གཞི་ཁྱོན་ཆེན་པོས་ཤིང་འཛུགས་ནགས་བཟོ་ཐུབ་མིན་གྱི་དངོས་ཡོད་དཀའ་གནད་སེལ་ཐུབ་པ་མ་ཟད། ས་ཁོངས་ཀྱི་གནམ་གཤིས་དང་ས་ཆུའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་འགྲོ་བར་སྐུལ་འདེད་དེ་བས་ཐེབས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་གངས་ལྗོངས་ས་མཐོར་ལག་ལེན་བསྟར་བའི་རླབས་ཆེན་གྱི་སྟོབས་ཤུགས་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།
ད་ཆའི་བོད་དུ་བསིལ་རླུང་དལ་བུར་ལྡང་བའི་སྐབས་སུ་རྩྭ་རྩི་ཤིང་གི་མགོ་བོ་ལྡེམ་ལྡེམ་གཡོ་ཞིང་། ལྗང་མདོག་མིག་མདུན་དུ་བཅར་བ་དང་ལྗང་མདོག་གི་སྐྱེ་ཁམས་སྲུང་བཅད་དེ་ཐག་རིང་དུ་རིམ་བཞིན་སྣུར་སྲིང་ཐུབ་སྟེ། ས་མཐོའི་སྐྱེ་ཁམས་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བའི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཐོན་པ་མ་ཟད། སྐྱེ་ཁམས་ཁྲིམས་འཛུགས་ལ་ལག་ལེན་གྱི་རྨང་གཞི་བརྟན་པོའང་འདིང་ཐུབ་ཡོད།
སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལག་བསྟར་བྱ་རྒྱུ་དེ་ལས་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་བཅོས་སྐྱོང་གི་བསམ་ཕྱོགས་གསར་བརྗེས་བྱས་ཏེ། མཛེས་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་གྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཐེབས་རྒྱུ་རེད། ཁྲིམས་སྐྱོང་གི་སྒྲོམ་གཞིའི་སྣེ་ཁྲིད་འོག་སྐྱེ་ཁམས་སྲུང་སྐྱོང་དེ་ཉིད་སྲོལ་རྒྱུན་གྱི་ཐ་སྐྱོང་འགོག་སྲུང་བྱེད་སྟངས་ནས་རིམ་བཞིན་སྐྱེ་ཁམས་ཆོས་ཉིད་ལ་བརྩི་སྲུང་ཞུ་བའི་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་། གཙོ་གནད་ས་ཁོངས་དང་འགག་རྩའི་གཙོ་རྒྱུར་དམིགས་པའི་གནད་སྨིན་སྲུང་སྐྱོང་ལ་འགྱུར་རྒྱུ་རེད། ཆ་ཚང་བའི་ཁྲིམས་སྐྱོང་གི་འདེགས་སྐྱོར་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། ནུས་རྒྱུ་གཙང་མ་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་དེ་བས་འགན་སྲུང་ཐུབ་སྟེ། རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱེད་པ་དང་སྐྱེ་ཁམས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས་ནས་སྤུས་ལེགས་སྐྱེ་ཁམས་ཐོན་ཁུངས་དེ་མང་ཚོགས་ལ་ཡུན་རིང་ཕན་པའི་དམངས་ཕྱུག་གི་མ་རྩར་འགྱུར་བ་བྱ་རྒྱུ་རེད།
ཁྲིམས་སྐྱོང་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་། སྐྱེ་ཁམས་ལ་བརྟེན་ནས་འབྱུར་འགྱུར་ཕྱོགས་སུ་སྐྱོད། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། ཁྲིམས་གཞུང་གི་དོན་ཚན་ཚང་མ་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་བྱ་ཐབས་དངོས་ལ་བསྒྱུར་ཚེ། ས་མཐོའི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་དེ་བས་བརྗིད་ཆགས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད།
འབྲེལ་ཡོད་གསར་འགྱུར།