དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • སྦས་ལུང་ལྷོ་བྲག་ལྷག་པར་མཛེས། སྐུ་མགྲོན་བུང་བའི་ཚོཌ་བཞིན་འཁོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-11

    ཉེ་བའི་ལོ་ཤས་ནང་། ཞིམ་ཟས་ཤིག་དང་། བརྙན་ཐུང་གཅིག་གམ་ཡང་ན་གངས་རིའི་རྩེ་མོར་ཉི་འོད་འཕྲོས་པའི་མཛེས་པས་ཡུལ་སྐོར་བར་ས་ཆ་མང་པོར་རྒྱུས་མངའ་གསར་པ་བྱུང་ཡོད། ལྷོ་བྲག་ཀྱང་ས་ཆ་དེ་དག་གི་གྲས་ཤིག་རེད།

    ལྷོ་བྲག་རྫོང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། འདི་གར་འཚང་ཁ་ཤིག་ཤིག་གི་མི་ཚོགས་མེད་པར་གངས་རི་དང་། མཚོ་མོ། གྲོག་རོང་། དགོན་པ་དང་གྲོང་ཚོ་བཅས་ནི་པིར་རྩལ་མཁས་པའི་སོར་རྩེ་ལས་འཁྲུངས་པའི་མཛེས་རིས་ཤིག་དང་འདྲ་བར་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག ལྷོ་བྲག་ནི་ཡུལ་སྐོར་བ་མང་པོའི་ཐོག་མའི་གདམ་ག་མིན་ཤས་ཆེ་ནའང་འདི་གར་ཡོང་མཁན་ཡུལ་སྐོར་བ་མང་དུ་འགྲོ་བཞིན་ཡོད་ལ། ཡོང་རྗེས་ལྷོ་བྲག་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    ལྷོ་བྲག་ལ་སྐྱོད་པའི་ལམ་བར་དུ། རྒྱང་རིང་གི་སྨུག་སྤྲིན་གསེབ་ནས་རི་ཚོགས་རབ་རིབ་ཏུ་མངོན་པ་དང་། ཤེལ་གྱི་མཆོད་རྟེན་བཞེངས་འདྲའི་སྐུ་ལྷ་མཁའ་རི་འགྱིང་ངེར་གནས། འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་ཚང་མས་ཡུན་རིང་ཁ་པར་ནང་གི་ཆ་འཕྲིན་ལ་དབྱིངས་ཞུགས་པ་དང་ཚར་རྒྱུ་མེད་པའི་ལས་ཀར་སེམས་ཁྲལ་ཁོ་ན་བྱས་ཏེ་དུས་འདའ་བར་བྱེད། གློ་བུར་དུ་གངས་རིའི་རྩེ་མོར་ཉི་འོད་འཕྲོས་པའི་མཛེས་པ་མཐོང་སྐབས་མི་རྣམས་ལ་སུམ་རྩེན་གནས་སུ་སླེབས་པ་ལྟར་གྱི་སྣང་བ་ཞིག་ངང་གིས་སྟེར་འོང་།

    སྒྲུབ་མཚོ་པད་མ་གླིང་ནི་དྭངས་ཤིང་གསལ་བའི་མེ་ལོང་ཞིག་དང་འདྲ་བར་གངས་རིའི་འདབས་སུ་དབེན་འཇམ་མེར་གནས་ཤིང་། ཆུ་ངོས་ནས་གངས་རི་དང་དགུང་སྔོན་སྤྲིན་དཀར་གྱི་གྲིབ་གཟུགས་མངོན་པ་དང་། ཁུ་སིམ་ལྷིང་འཇགས་ཀྱི་གནས་འདིས་འཚོ་བའི་ཁུར་པོ་ལྕི་པོས་མནན་པའི་སྐུ་ཉིད་ཀྱི་སེམས་ལ་བྱི་དོར་ཞིག་བྱེད་ངེས།

    འོན་ཀྱང་ལྷོ་བྲག་གི་ཡིད་དབང་འཕྲོག་ཡུལ་ནི་གངས་རི་དང་མཚོ་མོ་ཁོ་ན་ག་ལ་ཡིན།

    ལྷོ་བྲག་ཏུ་གྲོག་རོང་དང་། ནགས་ཚལ། མཚོ་མོ་བཅས་ཀྱི་རང་བྱུང་མཛེས་ལྗོངས་ཡོད་ལ། གཏིང་ཟབ་པའི་རིག་གནས་ཀྱི་གཞི་གདན་ཡང་ཡོད། མཁར་ཆུ་དགོན་ནི་སྨུག་སྤྲིན་འཁྲིགས་པའི་དབེན་པའི་རི་རྩེར་ཆགས་པ་དང་། ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་གསེབ་ནས་གསེར་ཟངས་རྒྱ་ཕིབས་ཀྱིས་བརྒྱན་པའི་དགོན་པ་རབ་རིབ་ཏུ་མངོན་འོང་། ད་ཆ། མཁར་ཆུ་མཛེས་ལྗོངས་ཁུལ་དུ་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་5ཙམ་ཡོང་གི་ཡོད་ཅིང་། མི་རྣམས་ཀྱིས་རང་བྱུང་མཛེས་པ་ཉམས་སུ་མྱོང་ལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གསོན་ཉམས་དོད་པའི་རྣམ་པར་མྱོང་རོལ་ཡང་བྱེད་བཞིན་ཡོད།

    ལྷོ་བྲག་གིས་མི་རྣམས་ལ་མིག་གི་ལོངས་སྤྱོད་སྟེར་ལ་ལང་ལོང་གི་སེམས་པའང་ཞི་ལྷོད་དུ་ཕབ་ཐུབ། གངས་རིའི་མཛེས་པས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་དང་། འདི་གའི་ཉམས་དགའ་བའི་དམངས་སྲོལ་དང་གྲོང་ཚོའི་རྣམ་པ་ལས་ཡུལ་སྐོར་བར་ཉམས་ལེན་བྱེད་འདོད་པའི་བློ་ངོ་འཆར་བ། རླངས་པ་འཐུལ་བའི་ཇ་བསྲུབས་མ་ཕོར་པ་གང་དང་། རོ་བཅུད་ལྡན་པའི་ཞིམ་ཟས། ངོ་མཚར་ཆེ་བའི་དམངས་སྲོལ་འཁྲབ་སྟོན་བཅས་ཀྱིས་ཡུལ་སྐོར་བའི་སེམས་སུ་ལྷོ་བྲག་ལ་བག་ཆགས་ཟབ་མོ་ཞིག་འཇོག་ངེས། ལྷོ་བྲག་དྲ་ཐོག་གི་མཛེས་ལྗོངས་ཁུལ་དུ་འགྱུར་དགོས་མེད་པར། གངས་རི་དང་མཚོ་མོ་དྲིལ་བསྒྲགས་ཡག་པོ་དང་། ལོ་རྒྱུས་ཀྱི་གནའ་ཤུལ་གསོན་ཉམས་དོད་པོས་ངོ་སྤྲོད། དམངས་སྲོལ་གནས་ཚང་དང་། ཁྱད་ལྡན་ཐོན་རྫས། དམངས་སྲོལ་བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་བྱས་ཚེ། ཡུལ་སྐོར་བའི་སེམས་པ་འདི་གར་ཆགས་ངེས་རེད།

    གང་ལྟར་ལྷོ་བྲག་ལ་ཡུལ་སྐོར་དུ་སྐྱོད་སྐབས་བརྗིད་ཆགས་ཡིད་འོང་གི་སྐུ་ལྷ་མཁའ་རིའི་མཛེས་པ་ཉམས་སུ་མྱོང་བ་དང་། གཡུ་ལྟར་སྔོ་བའི་སྒྲུབ་མཚོ་པད་མ་གླིང་གི་མཛེས་ལྗོངས་ལ་མྱོང་རོལ། སྨུག་སྤྲིན་གསེབ་ཀྱི་གནའ་དགོན་ལ་རྒྱང་ལྟ། གནའ་ཁྲོམ་དང་གྲོང་ཚོའི་བབ་ཆགས་པའི་འཚོ་བར་ཉམས་ལེན་བཅས་བྱེད་ཆོག ཡུལ་སྐོར་བྱེད་རིང་ཆེས་བརྗེད་པར་དཀའ་བ་ནི་པར་ཆས་ནང་གི་འདྲ་པར་ཡག་ཤོས་དེ་མིན་པར་ས་སྲོད་མཚམས་ཀྱི་མཚོ་ངོས་སུ་ལྡང་བའི་བསིལ་རླུང་དང་། དམངས་སྲོལ་གནས་ཚང་ནང་གི་ཇ་ཚ་པོ་ཕོར་པ་གང་། ཡང་ན་ཁ་བྲལ་ནས་ཡུན་རིང་སོང་ཡང་སྔར་བཞིན་བརྗེད་མི་ཐུབ་པའི་གཡུ་མདོག་གི་མཚོ་མོ་དེའང་ཡིན་སྲིད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།