བྱེ་རླུང་དལ་བུར་ཡལ་ནས། སྔོ་ལྗང་གཡུ་ལོས་བརྒྱན་སོང་།
——རང་ལྗོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ།

འདི་ནི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལས་དོན་པས་སྡོང་ཕྲུག་དབྱེ་འབྱེད་བྱེད་བཞིན་པ།

འདི་ནི་ས་དགའ་རྫོང་གཞུང་སྨད་ཤང་གི་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱས་རྗེས་རིམ་བཞིན་སྔོ་ལྗང་ཅན་དུ་གྱུར་པ།

འདི་ནི་ས་དགའ་རྫོང་གཞུང་སྨད་ཤང་གི་ཉི་ལུང་བྱེ་འགོག་དྲ་མིག་ཡིན་པ།

འདི་ནི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལས་དོན་པས་རྩི་ཤིང་ལ་ཆུ་རྒྱག་བཞིན་པ།
ཆ་སྙོམས་ས་བབ་སྨི་3800ལྷག་ཙམ་ཟིན་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་རིང་ཚད་སྤྱི་ལེ་40ལྷག་ཙམ་ཡོད་པ་དང་སྤྱི་ལེ་ངོས་གྲུ་50ལྷག་ཙམ་ལ་ཁྱབ་པའི་གླ་ཚེར་ནགས་ཚལ་ལུང་གཞུང་གི་ངོགས་གཉིས་སུ་ཁྱབ་ནས་སྔོ་ལྗང་གིས་བརྒྱན་པའི་སྐྱེ་ཁམས་སྲུང་བཅད་ཀྱིས་བྱེ་རླུང་བཀག་ནས་ལུང་གཞུང་ལམ་རྒྱུད་ཀྱི་ཞིང་ཁ་དང་གྲོང་ཚོ་སྲུང་བཞིན་ཡོད།
ལོ་བཅུ་གྲངས་གོང་། དེ་གར་བྱེ་རྡོས་ཁེངས་པའི་བ་ཚྭའི་གྲམ་ཐང་ཞིག་ཡིན་པ་དང་། ལོ་ཧྲིལ་པོར་ཟླ་8ཙམ་བྱེ་རླུང་འཚུབ་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད། ཁོར་ཡུག་ཞན་པའི་གནད་དོན་ཐག་གཅོད་བྱ་ཆེད། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་མི་རབས་ནས་མི་རབས་ཤིང་འཛུགས་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་བྱས་ནས་བྱེ་མས་ཁེངས་པའི་ཐང་རྒོད་དུ་ལྗང་མདོག་གི་བར་ཁྱམས་ཤིག་བསྐྲུན་ཡོད།
ལྷུན་རྩེ་ལུང་གཞུང་གི་ལྗང་མདོག་འཕོ་འགྱུར་ནི་བོད་ཀྱིས་བྱེ་འགོག་བྱེ་བཅོས་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། དུས་ཡུན་རིང་པོའི་ནང་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་ལ་དམིགས་པ་དང་། ཡུལ་བབ་དང་བསྟུན་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་པས། གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཀྱི་རྣམ་པ་དེ་བས་བཀྲག་མདངས་འཚེར་བར་བྱས་ཡོད།
ལས་གྲྭ་འགག་སྒྲོལ་གྱིས་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ།
ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་སྐྱོད་སྐབས་གང་སར་སྔོ་ལྗང་གིས་བརྒྱན་ཞིང་། ལོ་བཅུའི་གོང་དུ་འདི་གར་ད་དུང་རྩྭ་རྩི་ཤིང་ཉུང་བའི་རི་རྒོད་ཅིག་ཡིན་པ་བསམ་ཚོད་ལས་འདས། བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་བཟོའི་འཛུགས་སྐྲུན་ལས་གྲྭ་ཞིག་ཡིན་པའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་ཚུན། རིམ་རྩིས་བརྒྱབ་ན། རྒྱལ་ཁབ་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་110ལྷག་ཙམ་ལེགས་གྲུབ་ཟིན་པ་དང་། རི་རྒོད་སྔོ་འགྱུར་ཁུལ་དུ“ལྷགས་པ་ཆེན་པོ་བརྒྱབ་ཚེ་ཁྱིམ་གཞིས་མི་མཐོང་བའི”རྣམ་པ་དེ་ལོ་རྒྱུས་སུ་གྱུར་ཡོད།
ལྷོ་ཁ་གྲོང་ཁྱེར་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་ནི་མིག་སྔར་བོད་ཀྱི་རྒྱལ་ཁབ་རིམ་པའི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་འབའ་ཞིག་རེད། ལོ་ཉི་ཤུ་ལྷག་ཙམ་རིང་གི་རྨོ་ཞིང་བཅོས་སྒྲིག་བརྒྱུད་དཔེ་སྟོན་ཁུལ་དུ་བྱེ་འགོག་བྱེ་བཅོས་རྒྱ་ཁྱོན་མུའུ་ཁྲི་4.8ལྷག་ཙམ་ཟིན་ཡོད། “གཙང་པོ་གཉིས་དང་ཆུ་བོ་བཞི”ཡི་ནགས་བཟོ་སྔོ་འགྱུར་དང་རེས་སྐོར་གསར་པའི་ཞིང་དོར་ནགས་གསོ་དང་རྩྭ་གསོ་སོགས་ནགས་ལས་སྐྱེ་ཁམས་ཉམས་གསོའི་རྣམ་གྲངས་ལ་བརྟེན་ནས་དཔེ་སྟོན་ཁུལ་གྱིས་ས་ཁོངས་ཀྱི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། མཐའ་འཁོར་གྱི་བྱེ་འགྱུར་ས་ཁོངས་མ་ལག་བཅོས་སྐྱོང་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱེད་པ། བྱེ་འགོག་བྱེ་བཅོས་ཀྱི་ལག་རྩལ་དང་ཐབས་ལམ་འཚོལ་ཞིབ་དང་བྱེ་སྐྱེས་རྩི་ཤིང་འདེབས་གསོ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཚན་རིག་ཅན་དང་མ་ལག་ཅན་གྱི་བྱེ་འགོག་བྱེ་བཅོས་ལ་ལག་ལེན་གྱི་མིག་དཔེ་བཏོད་ཡོད།
བྱེ་བཅོས་ཀྱི་གྲུབ་འབྲས་རེ་རེ་ལས་བོད་ཀྱིས་གཙོ་གནད་ལས་གྲྭའི་མ་ལག་ལ་བརྟེན་ནས་བྱེ་འགོག་བྱེ་བཅོས་ལས་དོན་ལ་སྐུལ་འདེད་བཏང་བའི་ལས་རྗེས་ར་སྤྲོད་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་སྣེ་ཁྲིད་དུ་བྱས་ཏེ་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆ་རྒྱ་བསྡམས་སྲུང་སྐྱོང་ཁུལ་རྨང་གཞིར་བྱས་ནས་གཙང་འགྲམ་རྒྱུད་དང་། བྱེ་རྡུལ་ལྡང་ཁུལ། གྲོང་ཁྱེར་དང་གྲོང་རྡལ་གྱི་འགྲིམ་འགྲུལ་ལམ་རྒྱུད་སོགས་འགག་རྩའི་ས་ཁོངས་སུ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ་བྱེ་སར་སྔོ་ཁེབས་ཁྱབ་ཚད་བརྟན་པོའི་ངང་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ལྗོངས་ཡོངས་སུ་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་མུའུ་ཁྲི་393ལེགས་སྒྲུབ་བྱས་པ་དང་། རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆ་རྒྱ་བསྡམས་སྲུང་སྐྱོང་ཁུལ་5བསྐྲུན་པ། རྒྱ་བསྡམས་སྲུང་སྐྱོང་རྒྱ་ཁྱོན་མུའུ་ཁྲི་71ཙམ་ཟིན་ཡོད། ལྗོངས་ཡོངས་ཀྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་དང་བྱེ་འགྱུར་ཚད་གཞིར་མུ་མཐུད་ལྟ་ཞིབ་ཚད་ལེན་བྱེད་པའི་དུས་མཚམས་སུ“ཁུ་བསྡུ་གཉིས”མངོན་འགྱུར་བྱུང་ཡོད།
ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས་ཚན་རིག་དང་མཐུན་པའི་བྱེ་བཅོས་བྱས་པ།
གཞིས་རྩེ་གྲོང་ཁྱེར་གྱི་ས་སྐྱ་དང་། གཏིང་སྐྱེས། དིང་རི་བཅས་རྫོང་གསུམ་གྱི་འབྲེལ་མཚམས་གཞུང་སྨད་ཤང་དུ་བྱེ་རླུང་འཚུབ་པའི་སྣང་ཚུལ་གྱིས་མི་རབས་ཁ་ཤས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། “ཞོགས་པ་ངོ་གདོང་གཙང་མར་བཀྲུས་ནས་ཐོན་རུང་ཉིན་གུང་ཕྱིར་ལོག་སྐབས་ཁ་མིག་ཚང་མ་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད”ཅེས་ཆུ་དབར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཇམ་དབྱངས་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།
2020ལོར། སྤྱིའི་རྒྱ་ཁྱོན་མུའུ་4000ཟིན་པའི་བྱེ་འགོག་བྱེ་འཇགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་རྣམ་གྲངས་དེ་གར་དོན་འཁྱོལ་བྱུང་ཡོད། མཐོ་གྲང་དང་། ཐན་པ། ཆར་ཆུ་ཉུང་བ་བཅས་ཀྱི་རང་བྱུང་ཆ་རྐྱེན་ལ་དམིགས་ནས་རྣམ་གྲངས་དེར་HDPEཡི་བྱེ་འགོག་བྱེ་འཇགས་དྲ་བ་སྤྱད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་རྩེའི་གླ་ཚེར་དང་རང་ཡུལ་གྱི་རྒྱ་ལྕང་དང་ཚར་བོང་སོགས་སྐྱེ་འཚར་ལེགས་པའི་སྡོང་ཕྲུག་དང་རྩྭ་སོན་བདམས་ནས་ཤིང་འཛུགས་རྩྭ་འདེབས་བྱས་པ་དང་འབྲེལ། དུས་བཀག་ལྟར་ཆུ་རྒྱག་པ་དང་རྒྱུན་རྣམ་ཅན་གྱི་གསབ་འཛུགས་གཡོག་བྱེད་སོགས་བྱེད་ཐབས་ཞིབ་ཕྲ་སྤྱད་དེ་ལས་གྲྭའི་བྱེ་འཇགས་དང་སྐྱེ་དངོས་ཉམས་གསོར་མཉམ་དུ་སྐུལ་འདེད་གཏོང་ཐུབ་པ་བྱས་ཡོད། ད་ཆ་ས་ཁོངས་ཀྱི་སྔོ་ཁེབས་སླར་གསོ་བྱུང་བ་དང་བསྟུན་ནས་བྱེ་རླུང་ལྡང་བའི་གནམ་གཤིས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་འདབ་ཆགས་ཀྱང་དེ་གར་འཚོ་སྡོད་བྱེད་ཀྱི་ཡོད།
ཚན་རིག་དང་མཐུན་པའི་བཅོས་སྐྱོང་གི་རྨང་གཞིར་གཞི་ཚུགས་ནས་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་བྱས་ཏེ་ཡར་ཀླུང་གཙང་པོའི་དབུས་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་དང་སྲུང་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལ་རམ་འདེགས་བྱས་ཡོད། G—LTBSབྱི་བ་ཚོད་འཛིན་ལག་རྩལ་ལ་བརྟེན་ནས་མཐོ་གྲང་རྩྭ་སར་མུའུ་ཁྲི་རིམ་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། སྐྱི་བ་ཤིང་གི་སྤུས་ལེགས་སོན་མྱུག་སྐྱེ་འཕེལ་ལག་རྩལ་ལ་ཞིབ་འཇུག་བྱས་ནས་བོད་ཀྱི་གྲང་ཐན་ས་ཁུལ་དུ་ལོ་མ་གཉིས་ལྡན་གྱི་རྩྭ་དང་མེ་ཏོག་སེར་པོའི་ཤིང་སྡོང་སོགས་རང་ཡུལ་གྱི་སྡོང་ཕྲུག་ཐོན་ལས་ཅན་གྱི་མྱུག་གསོ་དང་དེ་བཞིན་བྱེ་སྐྱེས་རྩི་ཤིང་འདེབས་གསོའི་ལག་རྩལ་ཁྱབ་གདལ་བཏང་ཞིང་། རྒྱུན་རྣམ་ཅན་གྱི་སྒོ་ནས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱས་ཏེ་ལྗོངས་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ལས་དོན་ལ་ཚན་རིག་དང་མཐུན་པའི་གྲངས་གཞིའི་འདེགས་སྐྱོར་བྱེད་བཞིན་ཡོད།
དམངས་ཕྱུག་སྔོ་ལྗང་དར་བར་བྱས་ཏེ་མཉམ་དུ་འགོག་བཅོས་བྱས་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྐྱེ་ཁམས་ཁ་གསབ་ཀྱི་ལྕག་སྐུལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན། ནགས་ཚལ་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་110དང་འདམ་རའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.81བཏང་བ། སྐྱེ་ཁམས་ཁུལ་གནས་གལ་ཆེན་གྱི་བྱེ་འགྱུར་ས་ཆ་རྒྱ་བསྡམས་སྲུང་སྐྱོང་སོགས་ཀྱི་བྱ་ཐབས་སྤྱད་པར་མ་དངུལ་སྒོར་དུང་ཕྱུར་1.91བཏང་བ་རེད། འཐུས་སྒོ་ཚང་བའི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་དེ་བས་མང་བ་སྐྱེ་ཁམས་བདག་སྐྱོང་ལས་དོན་ནང་ཞུགས་ཏེ། རི་སྔོན་ཆུ་དྭངས་སྲུང་བ་དང་ཆབས་ཅིག འབབ་འཕར་ཡང་བརྟན་པོ་བྱུང་ནས་སྐྱེ་ཁམས་ཀྱི་ཕན་པ་ཐོབ་ཡོད།
སྲིད་ཇུས་ཀྱིས་སྔོ་ལྗང་སྲུང་སྐྱོང་དང་མང་ཚོགས་ཀྱིས་སྔོ་ལྗང་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག རང་ལྗོངས་ཀྱིས་བྱེ་ཁུལ་གྱི་ལྗང་མདོག་དཔལ་འབྱོར་གྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བྱས་ཏེ་ཁྱད་ལྡན་བྱེ་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། སྐྱེ་ཁམས་བཅོས་སྐྱོང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ཡོད། ས་གནས་ཁག་གིས་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་དར་ཤིང་དང་འདྲེ་ཚེར་མ་སོགས་བྱེ་འཇགས་འགོག་སྲུང་དང་དཔལ་འབྱོར་གྱི་རིན་ཐང་ཆེ་བའི་ཤིང་རིགས་ནང་འདྲེན་བྱས་ཏེ་ཚོད་འདེབས་བྱས་པ་དང་ཤིང་པད་མ་དང་རྩྭ་པད་མ་སོགས་དཔལ་འབྱོར་སྐྱེ་དངོས་འདེབས་གསོ་བྱས་ཡོད། སྐྱི་བ་ཤིང་གི་ཐོན་ཁུངས་ཅན་བེད་སྤྱོད་དང་ཞིབ་འཇུག་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་སྲད་དཀར་བུལ་སྨན་སྤྱོད་ལེན་དང་གཟན་ཆག་ལས་སྣོན་སོགས་ཐོན་ལས་ཅན་གྱི་འཚོལ་ཞིབ་བྱས་ཏེ་བྱེ་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་གང་ལེགས་སྤྱོད་ཐུབ་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།