རང་བྱུང་སྲུང་སྐྱོང་ཁུལ་ལ་བདག་སྐྱོང་བཟང་། བྱང་ཐང་སྐྱ་མོར་ཚེ་སྲོག་མྱུ་གུ་འབུས།
ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་གཙོད་རྒྱུད་སྤེལ་བྱ་ཡུལ་ལ་སྲུང་སྐྱོང་བྱེད་པར་ལྟ་བ།
པར་ཆས་ནས་བལྟས་ན་སྤང་རྩྭ་རིམ་བཞིན་ལྷོག་པའི་བྱང་རྩྭ་ཐང་གི་ལྟེ་བའི་ཁུལ་མཐོང་བ་དང་། པར་ཆས་ཐག་ཉེ་རུ་བཏང་ན་ཉི་མ་རྫོང་གི་རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་རི་དྭགས་ཁམ་མདོག་ཁག་གཅིག་མངོན།
ཉི་མ་རྫོང་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་ཡིན་པ་དང་། ད་ཆ་གཙོད་ཕྲུག་སྐྱེ་བའི་ནམ་དུས་ཡིན་ཞིང་། ཟླ་5པ་ནས་ཟླ་7པའི་བར་གྱི་གཙོད་ཕྲུག་བཙའ་རིང་རྫོང་ཁོངས་སུ་གཙོད་ཁྲི་20ལྷག་ཙམ་ཟིན་གྱི་ཡོད།
❋ ཐེ་ཇུས་བྱས་དྲགས་རྒྱུ་མེད་པ།
དབྱར་གཞུང་གི་གཙོད་བདེ་རྩྭ་ཐང་དུ་རླུང་བུ་བསིལ་བསིལ་དུ་ལྡང་ཞིང་། ཆུ་ཕྲན་མང་པོ་ཞིག་དེ་ག་ནས་ས་བབ་སྨི་4700ཙམ་ཟིན་པའི་ས་མཐོའི་ས་ཕྱོགས་གང་སར་ལྷུང་ལྷུང་དུ་འབབ་བཞིན་མཆིས།
ཨ་ཟུར་ཤང་སྐྱིད་ལུག་བདག་སྐྱོང་ས་ཚིགས་ཀྱང་རི་སྐྱེས་སྲོག་ཆགས་སྣ་ཚོགས་ལྷིང་འཇགས་སུ་འཚོ་བའི་ས་གཞི་གཤིན་པོ་དེའི་ཐོག་གནས་ཡོད།
“འདི་ནི་ང་ཚོས་ཆུ་ནང་ནས་བསྐྱབས་པ་ཞིག་རེད། གཙོད་ཁྱུ་ཆུ་སྒྲོལ་དུས་གཙོད་ཕྲུག་འདི་ཆུར་དིམ་ནས་དོན་ཐུབ་མེད”ཅེས་སྐྱིད་ལུག་བདག་སྐྱོང་ས་ཚིགས་སུ་ཀྲན་ཀང་གཞོན་པ་ཀརྨ་རྣམ་རྡོར་གྱིས་ཙོག་པུར་བསྡད་དེ་གཙོད་ཕྲུག་ཅིག་ལ་འཇིབ་རུས་འོ་མ་ལྡུད་བཞིན་དེ་ལྟར་བཤད།
ས་ཚིགས་སུ་ལོ་ལྟར་གཙོད་ཕྲུག་དེ་འདྲ་ཁ་ཤས་གསོ་ཡི་ཡོད་པ་དང་། ཟླ་བ་གསུམ་བཞི་ཙམ་གསོས་ནས་གཙོད་ཕྲུག་སྤུ་གྲ་ལེགས་སུ་དང་ཤ་ཤེད་རྒྱས་རྗེས་གཙོད་ཁྱུ་དང་མཉམ་དུ་འགྲོ་གི་ཡོད།
སྐྱེ་སྟོབས་ཀྱི་དཔལ་འབར་བའི་བྱང་རྩྭ་ཐང་དུ་ལྷིང་འཇགས་དང་ཉེན་ཁ་མཉམ་དུ་གནས་པ་སྟེ། སྐམ་སར་སྤྱང་ཁྱུ་དང་། གསའ། གཡི་སོགས་གཅན་གཟན་གྱིས་འཇབ་རྒོལ་བྱེད་པའི་ཉེན་ཁ་ཡོད་ལ། བར་སྣང་ནས་འདབ་ཆགས་རིགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གཙོད་ཕྲུག་ལ་གཙེས་པའི་འཇིགས་སྣང་ཡང་ཡོད།
“ས་ངོས་ཀྱི་གཅན་གཟན་རི་དྭགས་ང་ཚོས་མཐར་སྐྲོད་གཏོང་ཐུབ་ཡང་། བར་སྣང་གི་འདབ་ཆགས་འགོག་མི་ཐུབ་པས་རྟག་ཏུ་ཁེར་མར་ལུས་པའི་གཙོད་ཕྲུག་བཀྱགས་ནས་འགྲོ་ཡི་ཡོད། ལས་ཀར་ཞུགས་མ་ཐག་པའི་སྐབས་སུ་གནས་ཚུལ་དེ་འདྲ་མཐོང་དུས་སེམས་ཧ་ཅང་སྐྱོ་པོ་འདུག”ཅེས་ཀརྨ་རྣམ་རྡོར་གྱིས་ཐབས་ཟད་འུ་ཐུག་ངང་སྨིན་མ་བསྡུ་བཞིན་བཤད།
སྐབས་དེ་དུས་རྒན་རྒོན་ཚོས“སེམས་སྡུག་བྱེད་མི་དགོས་ལ་ཐེ་ཇུས་ཀྱང་བྱེད་རྩིས་མ་བྱེད། ད་ལོ་འདབ་ཆགས་ཀྱིས་བརྒྱ་ཙམ་བཟུང་ན། དུས་སང་འདི་གར་སྟོང་ཙམ་སྐྱེ་སྲིད”ཅེས་ཤོད་ཀྱི་ཡོད།
ཀརྨ་རྣམ་རྡོར་གྱིས“དང་ཐོག་སྐད་ཆ་དེ་ནི་སེམས་གསོ་ཙམ་རེད་སྙམ་བྱུང་། ཕྱིས་སུ་སྐད་ཆ་དེ་ནི་ས་མཐོའི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་འཚོ་གནས་ཀྱི་བློ་གྲོས་ཤིག་ཡིན་པ་ཤེས་བྱུང་། བྱ་དངོས་ཐམས་ཅད་ལ་རང་བྱུང་གི་ཆོས་ཉིད་རེ་ཡོད། ཚེ་སྲོག་ལ་སྲུང་སྐྱོང་བྱེད་དགོས་ལ། རང་བྱུང་ཁམས་ལ་གུས་སྐྲག་དང་བརྩི་འཇོག་དེ་བས་ཀྱང་བྱས་ཏེ་ཐེ་ཇུས་བྱས་དྲགས་རྒྱུ་མེད། དེ་ལྟར་བྱས་ན་གཞི་ནས་ས་ཆ་འདིར་ཡུན་རིང་སྲུང་སྐྱོང་བྱེད་པ་ཞིག་རེད”ཅེས་སྨིན་མ་གཟེངས་བཞིན་བཤད།
❋ རྒྱུད་སྤེལ་གྱི་ཁྱིམ་གཞིས་སྲུང་བ།
2015ལོ་ཚུན། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་བདག་སྐྱོང་གི་སྒྲོམ་གཞི་ལེགས་སུ་བཏང་སྟེ་ཚད་ལྡན་ཅན་གྱི་བདག་སྐྱོང་ས་ཚིགས་རེ་རེ་བཞིན་ཐང་རྒོད་སྐྱ་མོར་བཙུགས་པ་དང་ཆེད་བསྐོས་བདག་སྐྱོང་བས་དངོས་སུ་ལས་གནས་བརྟན་སྲུང་བྱས་པས། བྱང་རྩྭ་ཐང་དུ་དྲ་མིག་ཅན་དང་ཁྱོན་ཡོངས་ལ་ཁྱབ་པའི་སྐྱེ་ཁམས་ཀྱི་འགོག་སྲུང་དྲ་བ་ཞིག་ཆགས་ཡོད།
སྐབས་དེ་དུས་ཀརྨ་རྣམ་རྡོར་གྱིས་རང་འགུལ་ངང་མིང་ཐོ་བཀོད་དེ་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་བ་ཁག་དང་པོའི་གྲས་སུ་འཛུལ།
བརྟན་སྲུང་བྱེད་པ་ནི་མི་སྒེར་གྱི་ཐོག་མའི་བསམ་འདུན་ཡིན་ལ་ཁྱིམ་སྲོལ་རྒྱུན་འཛིན་བྱེད་པ་ཞིག་དེ་བས་ཀྱང་རེད།
ཆེད་ལས་བདག་སྐྱོང་སྒྲིག་གཞི་མ་བཙུགས་གོང་རྩྭ་ཐང་སྟེང་དུ་མི་ཚང་མས་རང་ཉིད་ཀྱི་བྱ་ཐབས་ལ་བརྟེན་ནས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་དང་། ཀརྨ་རྣམ་རྡོར་ཁྱིམ་གྱིས་དེ་སྔ་གཙོད་ཁྱུ་དང་བྲལ་བའི་གཙོད་ཕྲུག་ཅིག་བསྐྱབས་ནས་ལོ་བཞི་ཙམ་གསོ་མྱོང་ཡོད།
ད་ཆ་ཉི་མ་རྫོང་དུ་བདག་སྐྱོང་ས་ཚིགས་11བསྐྲུན་པ་དང་། ལོ་འཁོར་མོར་ཆེད་བསྐོས་བདག་སྐྱོང་བ་135སྐོར་གཡེང་བྱེད་པར་སྒྲིག་འཛུགས་བྱས་ནས། ལྐོག་རྔོན་ལ་རྡུང་རྡེག་དང་། རྨས་སྐྱོན་ཕོག་པའི་སྲོག་ཆགས་སྐྱོབ་བཅོས། འཚོ་གནས་བྱ་ཡུལ་ཉམས་གསོ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ལེགས་པར་སྒྲུབ་ཀྱི་ཡོད།
ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་དུ་གནམ་ས་བར་གསུམ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་སྤྱོད་བཞིན་ཡོད་པ་དང་། སྲུང་སྐར་གྱི་རྒྱང་ཚོར་དང་། མི་མེད་གནམ་གྲུའི་པར་ལེན། ས་ངོས་ཀྱི་དམིགས་འཛུགས་ལྟ་དཔྱད་བཅས་ཕན་ཚུན་གཞོགས་འདེགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གཙོད་ཀྱི་གནས་སྤོའི་ལམ་ཐིག་དང་འཚོ་སྡོད་བྱ་ཡུལ་སྲུང་བཞིན་ཡོད།
འབྲོག་པས་རང་འགུལ་ངང་སྲུང་སྐྱོང་བྱེད་པ་ནས་བདག་སྐྱོང་རུ་མིས་སྐོར་སྲུང་ཞིབ་ཚགས་བྱེད་པའི་བར་དང་། དེ་ནས་ཚན་རྩལ་ལ་བརྟེན་ནས་ས་ཁོངས་ཧྲིལ་པོར་དོ་དམ་ཚོད་འཛིན་བྱེད་པའི་བར། མི་རབས་ནས་མི་རབས་བར་ས་མཐོའི་མི་རྣམས་ཀྱིས་ས་ཆ་དེ་བརྟན་སྲུང་བྱེད་པ་དང་སྲུང་སྐྱོང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་གཙོད་ཁྲི་20ལ་རྒྱུད་སྤེལ་གྱི་ཁོར་ཡུག་བརྟན་པོ་ཞིག་བཏོད་ཡོད།
❋ ཚེ་སྲོག་གི་རྒྱུན་བསྲིང་པར་དཔང་པོ་བྱས་པ།
ཉི་མ་རྫོང་གི་རིག་གནས་དྲིལ་བསྒྲགས་ཁོངས་གཏོགས་སུ་ལོ་21གི་རིང་ཟབ་ཞུགས་ཀྱིས་མི་མེད་ལུང་སྟོང་དུ་གཙོད་གནས་སྤོ་དང་གཙོད་ཕྲུག་སྐྱེ་འཕེལ་གྱི་གནས་ཚུལ་པར་དུ་ལེན་པ་ནི་ཟླ་བ་རྡོ་རྗེས་ཉེ་བའི་ལོ་བཅུ་ལྷག་ཙམ་རིང་དབྱར་ཁ་འཆར་རིམ་བཞིན་སྒྲུབ་པའི་ཁ་ཆད་ཅིག་རེད།
ལོ་བཅུ་ལྷག་ཙམ་རིང་། ཟླ་བ་རྡོ་རྗེས་ལོ་ལྟར་མི་མེད་ལུང་སྟོང་དུ་ཉུང་མཐར་ཡང་ཐེངས་གསུམ་བསྐྱོད་དེ་ཟླ་ཕྱེད་ཙམ་དེ་གར་སྡོད་ཀྱི་ཡོད། ཁོ་པས་གཞེས་ནིང་ལོར་གཙོད་དཀར་རྐྱང་གཅིག་ཐེངས་དང་པོར་པར་ལེན་ཐུབ་པ་ནས་ན་ནིང་བར་ལྔ་མང་དུ་སོང་ཡོད། ཁོ་པས་ད་ལོ་ཡང་དུས་ཡུན་སྐར་མ་22ཙམ་གྱི་གཙོད་ཕྲུག་སྐྱེ་བའི་བརྒྱུད་རིམ་ཧྲིལ་པོ་པར་ལེན་བྱས་ཡོད།
ཉིན་ལྟར་ལྟ་ཞིབ་ཚད་ལེན་དང་པར་ལེན་བྱས་པར་བརྟེན་གཙོད་ཀྱི་འགྱུར་ལྡོག་ཕྲན་བུ་ཙམ་ལ་ཡང་ཁོ་པར་དོ་སྣང་ཡོང་གི་ཡོད་ཅིང་། “གཙོད་མོ་གཙོད་ཕྲུག་སྐྱེས་ནས་ཕྱིར་ལོག་སྐབས་སྤུ་མདོག་དམར་སྐྱར་གྱུར་གྱི་ཡོད”ཅེས་ཁོང་གིས་བཤད།
གཙོད་གནས་སྤོའི་ལམ་བར་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཉེན་ཁ་འཕྲད་ཀྱི་ཡོད་པ་སྟེ། མཐའ་འཁོར་དུ་སྤྱང་ཁྱུ་དང་དྲེད་མོང་སོགས་གཅན་གཟན་གྱི་ཉེན་ཁ་གང་སར་གནས་ཡོད་པས། གཙོད་ཁྱུ་གནས་སྤོ་བྱེད་རིམ་བཞིན་བདག་སྐྱོང་བས་ལམ་རྒྱུད་དུ་སྐོར་སྲུང་དང་སྡོད་བྱ་བྱེད་པ་དང་། གཙོད་ཕྲུག་དང་ཤེད་མོ་སྐྱོ་བའི་གཙོད་གཅིག་པུར་ལུས་པ་མཐོང་རིམ་བཞིན་འཕྲལ་མར་རླངས་འཁོར་བཏང་ནས་རོགས་སྐྱོབ་བྱེད་པར་འགྲོ་ཡི་ཡོད། ད་ཆ་བདག་སྐྱོང་ས་ཚིགས་སུ་སྦག་སྦག་དང་ཕི་ཁ་རླངས་འཁོར་མང་དུ་སོང་བས་རོགས་སྐྱོབ་ཀྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
འོན་ཀྱང་རང་བྱུང་གི་ཆོས་ཉིད་ལ་ཐེ་ཇུས་བྱས་དྲགས་རྒྱུ་མེད་པས། ཤེད་མོ་སྐྱོ་བ་དང་སུག་ལག་ཆག་པའི་གཙོད་ཕྲུག་མི་ཉུང་བ་གཅན་གཟན་རི་དྭགས་ཀྱི་ཁ་ཟས་སུ་གྱུར་རྒྱུ་ལས་མ་འདས།
“མ་གཞི་ཡིད་སྐྱོ་དགོས་པའི་སྣང་ཚུལ་ཞིག་ཏུ་མཐོང་མོད། དེ་ནི་རང་བྱུང་ཁམས་ཀྱི་དྲག་རྒྱལ་ཞན་ཕམ་གྱི་ཆོས་ཉིད་རེད། དེས་ན་རང་བྱུང་གི་ཆོས་ཉིད་འདི་ལས་གཙོད་ཁྱུ་རྒྱུན་ཆད་མེད་པར་རྒྱུད་པ་ལེགས་སུ་ཕྱིན་ཏེ་རིགས་ཁྱུ་རྒྱུད་སྤེལ་ཡག་པོ་ཡོང་བ་དང་ཤེད་མོ་ལེགས་སུ་འགྲོ་བཞིན་ཡོད”ཅེས་ཟླ་བ་རྡོ་རྗེས་བཤད།
འབྲེལ་ཡོད་གསར་འགྱུར།